ཝ་ར་ནཱ་སི་

ཡོང་ཁུངས་Wikipedia

ཝ་ར་ནཱ་སི Varanasi

རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཆུ་བོ་ཝ་ར་དང༌། ནཱ་སི་གཉིས་ཀྱི་བར་དུ་ཡོད་པའི་ཡུལ་དེའི་སྤྱི་མིང་སྟེ། ནཻ་པཱ་ལའི་ལྷོ་ནུབ་ཀྱི་མཚམས་ཆུ་བོ་གངྒཱའི་འགྲམ་དུ་ཡོད་པའི་གྲོང་ཁྱེར་གྱི་མིང་ཞིག་ཡིན། འདི་རྡོ་རྗེ་གདན་ནས་ག་ཡའི་གྲོང་ཁྱེར་དང༌། དེ་ནས་ནུབ་ཕྱོགས་སུ་སོང་ན་ཀ་ཤིའི་གྲོང་ཁྱེར་དུ་སླེབས་ཤིང༌། དེ་ནས་ཀྱང་ནུབ་ཕྱོགས་སུ་སོང་བ་ན་གནས་དེ་ཡོད། དེ་ནི་རྒྱ་གར་གྲོང་ཁྱེར་ཀུན་གྱི་ནང་ནས་རྙིང་ཤོས་སུ་གྲགས་ཤིང༌། སྲང་ལམ་འོག་ཆུ་འགྲོ་དང༌། གངྒཱའི་སྒོ(གངྒཱ་ས་གར)ཞེས་གྲགས་པ་ཆུ་བོ་གངྒཱའི་འོག་གི་ས་ཕུག་བརྒྱུད་ནས་རྒྱ་མཚོ་ཆེན་པོའི་འགྲམ་ལ་མ་སླེབས་ཙམ་བར་འགྲོ་ས་ཡོད་པ་སོགས་ངོ་མཚར་ཅན་མང་པོ་དང༌། སྲང་ལམ་གཡས་གཡོན་ཀུན་ཏུ་ཁྲོམ་རས་ཁེངས་པའི་ཚོང་འདུས་སོགས་གྲོང་ཁྱེར་གྱི་ཁྱད་ཆོས་ཀུན་ཚང་ཞིང་། ཕྱི་རོལ་པའི་ལྷ་ཁང་བི་ཤ་ན་ཐ་སོགས་འཇིག་རྟེན་མཐུ་བོ་ཆེར་གྲགས་པའི་ལྷ་འདྲེ་ཁྲི་ཕྲག་མང་པོའི་ལྷ་ཁང་དང་གཟུགས་བརྙན་ཡོད་པར་གྲགས། གྲོང་ཁྱེར་དེ་ནས་མེ་འཁོར་ནང་ཞུགས་ཏེ་ཆུ་བོ་ཝ་ར་ནཱ་བརྒལ་བ་ན་ས་ར་ན་ཐ་སྟེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་བྱ་བ་སྟོན་པས་འཁོར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་གནས་དེ་ཡོད་ཅིང་། དེར་སྔོན་དུས་སུ་ཐང་ཟན་ཙང་ཕེབས་སྐབས། རྟ་བབས་དང་། ཁང་བརྩེགས་ཡང་ཐོག་བཅས་ཀྱིས་མཛེས་པའི་དགོན་སྡེ་ཆེན་པོ་ཞིག་གི་ནང་མང་པོས་བཀུར་བའི་སྡེ་པའི་དགེ་འདུན་སྟོང་ཕྲག་གཉིས་ཙམ་དང་། རྟེན་གཙོ་སྐུ་རྒྱུ་ར་གན་ལས་བྱས་པའི་ཐུབ་དབང་ཆོས་འཁོར་མའི་སྐུ་བརྙན་དང་། རང་སངས་རྒྱས་ཀྱི་མཆོད་རྟེན་ལྔ་བརྒྱ་ཙམ་ཡོད་ཚུལ་ཁོང་གིས་མཛད་པའི་ལམ་ཡིག་ནང་གསལ་ཡང་། དེང་སང་དགོན་སྡེ་ཆགས་པའི་ཤུལ་དང་། ཆོས་འཁོར་བསྐོར་བའི་ས་མིག་དེར་མཆོད་རྟེན་ཆུང་ངུ་རྡོའི་དྲ་མིག་གིས་བསྐོར་བ་ཞིག་དང་དེའི་མདུན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ད་ལྟའི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་ལ་ཝ་ར་ནཱ་སིའི་བློན་པོ་སྡིག་ཅན་གྱིས་བཤིག་སྟེ་ཁང་རྡོ་འཁྱེར་བ་དེའི་ཤུལ་ཡོད་ཅིང་། དེ་དང་ཉེ་བ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་ཆག་གྲུམ་ཞིག་ཡོད་པ་དེའི་སྟེང་གི་ཡི་གེ་རྣམས་ལོ་ཉིས་སྟོང་ལྷག་ཙམ་གོང་གི་སྔ་དུས་རྒྱ་གར་གྱི་ཡི་གེ་ཡིན། ཚུར་ངོས་སུ་རྡོའི་མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་དེ་ནི་དྷརྨི་ཀའི་མཆོད་རྟེན་ཟེར་བ་གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བཞེངས་པ་དང་། ལྷོ་ངོས་ལམ་ཟུར་གྱི་མཆོད་རྟེན་ཞིག་པོ་དེ་ཙོ་གན་དིའི་མཆོད་རྟེན་བྱ་བ་འཁོར་ལྔ་སྡེས་སྟོན་པ་ཐོག་མར་མཇལ་བའི་ས་ཡིན་ཞེས་བཤད་སྲོལ་ཡོད། བོད་ས་གནས་སུ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་བཞུགས་པའི་དུས་ཙམ་ནས་རྒྱ་གར་ཡུལ་དབུས་སུ་བསྟན་པ་ལྷག་མེད་དུ་ཉམས་ཤིང་། རྡོ་རྗེ་གདན་ཙམ་མ་གཏོགས་གནས་གཞན་དག་གར་ཡོད་ཙམ་ཡང་མི་ཤེས་པར་གྱུར། དུས་རབས་བཅུ་དགུ་པའི་མཇུག་ཙམ་དུ་ལྷོ་ཕྱོགས་སིངྒ་ལའི་དགེ་བསྙེན་ཆེན་པོ་དྷརྨ་པཱ་ལ་ཕྱོགས་འདིར་བྱོན་ནས་གནས་འདིས་མཚོན་པའི་ས་གནས་མང་པོར་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་པར་མཛད། གནས་འདིར་ཁོང་གིས་བཞེངས་པའི་མུ་ལ་ནན་དྷ་ཀུ་ཊིའི་གཙུག་ལག་ཁང་འདིར་རྡོ་འཇོག་གི་ཡུལ་ནས་རྙེད་པའི་སངས་རྒྱས་ཀྱི་སྐུ་རུས་གཅིག་དང༌། ལྷོ་ཕྱོགས་དཔལ་གྱི་རི་ནས་རྙེད་པའི་སྐུ་རུས་གཅིག(འདི་གཉིས་ཀའི་འཇུག་སྣོད་རིན་པོ་ཆེའི་གའུ་དང་རྡོ་སྒྲམ་ཡོད་པ་དང་། སྒྲོམ་གྱི་ཕྱི་ལ་འདི་སངས་རྒྱས་ཀྱི་སྐུ་རུས་ཡིན་ནོ་ཞེས་འཁོད་པའི་ཁ་བྱང་ལོ་ཉིས་སྟོང་གོང་གི་རྒྱ་གར་གྱི་ཡི་གེ་ཡིན) བཅས་གཉིས་ཀ་རྒྱུན་དུ་མུ་ལ་གན་དྷ་ཀུ་སིའི་གཙུག་ལག་ཁང་གི་སྟོན་པའི་སྐུ་བརྙན་གྱི་བཞུགས་ཁྲིའི་ནང་བཞུགས་ཤིང་། ལོ་རེ་སྤྱི་ཟླ་བཅུ་གཅིག་པའི་ནང་འཆར་ཅན་གྱི་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་ན་ཕྱི་རོལ་དུ་སྤྱན་དྲངས་ནས་དད་ལྡན་ཚང་མས་དངོས་སུ་མཇལ་ཐུབ། ཉེ་འཁོར་དུ་མགྲོན་ཁང་དང་། གསར་དུ་བཞེངས་པའི་བོད་དགོན་དང་། བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭ་བཅས་ཀྱང་ཡོད།