ཚོན་བཟོ་
བོད་ཀྱི་ཚོན་བཟོ་ནི་ས་གནས་ཀྱི་ཡུལ་ཐོན་ལག་རྩལ་ཡིན་ཞིང་དེ་ཡང་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་བྱུང་ཡོད་པ་ནི་བོད་ཀྱི་ལྷ་བྲིས་ལོ་རྒྱུས་ནས་མཐོང་ཐུབ་ཅིང། བོད་ས་གནས་རང་དུ་ཚོན་སྣ་ལྔའི་ཐོན་ཁུངས་ཧ་ཅང་མང་པོ་ཡོད་པས་མིང་ལ་བོད་ཚོན་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། གཞན་ཡང་སྤྱི་ལོའི་གོང་ནས་རང་ཉིད་ཀྱི་ཡུལ་ཐོན་ཚོན་སྣ་ལྔ་བེད་སྤྱད་ནས་བལ་ཚོན་སྐུད་པ་སྣ་ལྔ་བཟོ་ཤེས་པ་དང་། བོན་པོའི་ཆོ་ག་བྱེད་མཁན་ཚོས་བལ་ཚོན་སྣ་ལྔའི་སྐུད་པ་ལ་བརྟེན་ནས་མདོས་གཏོང་ཤེས་ཀྱི་ཡོད་པ་བོན་གྱི་ལོ་རྒྱུས་ནང་གསལ་པོ་འདུག བོད་ཚོན་གྱི་ཁྱད་ཆོས་ནི་གཞི་བརྟན་པོ་ཡོད་པ་དང་། དེས་བལ་སྐུད་ལ་ཚོས་བརྒྱབ་ནས་གདན་འཐག་རྗེས་ཆུ་ནང་དུ་བཀྲུས་ཀྱང་ཚོན་མདོག་ཕན་ཚུན་མ་འདྲེས་པར་གནས་ཐུབ་པས་ཕྱི་རྒྱལ་ནས་ཐོན་པའི་ཚོན་ལས་སྤུས་ཚད་ཧ་ཅང་ལེགས། ཚོན་གྱི་རྒྱུ་ཆ་ནི་སེར་པོའི་རྒྱུ་བ་བླ། དམར་པོའི་རྒྱུ་བཙག་དང་མཚལ། སྔོན་པོའི་རྒྱུ་རམས་དང་མཐིམ། ལྗང་པོའི་རྒྱུ་སྤང་། དཀར་པོའི་རྒྱུ་དཀར་རག ནག་པོའི་རྒྱུ་སྒྲོན་མ་ཤིང་བསྲེགས་པའི་དུད་དྲེག་བཅས་ཚང་མ་བོད་རང་ནས་ཐོན་པ་དང་། ཚོན་དེ་དག་སྦྱོར་སྡེབས་བྱས་ནས་ཚོན་མདངས་རིགས་མི་འདྲ་བ་སྣ་ཚོགས་བཟོས་ཆོག་པ་རེད། ཚོན་དེ་རྣམས་ཐོག་མར་སྙིགས་རོ་འདོན་ཆེད་ཚགས་རྒྱག་དགོས་པ་དང་། དེ་ནས་ཀོ་བ་དང་རྭ་ཅོ་བཙོས་པའི་སྤྱིན་ཆུ་བསྲེས་ཏེ་འདུལ་སྦྱོང་བྱེད་དགོས་པ་སོགས་ཚོན་གྱི་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་རེད། བོད་ཚོན་བཟོ་བའི་ལག་ལེན་གྱི་ཉམས་མྱོང་སྐོར་སྡེ་དགེ་དེའུ་དམར་འགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི《བཟོ་དབྱིབས་པ་ཊ》བོད་ཀྱི་ཚོན་དང་། པིར། ཚོས་རྒྱག སྣག་ཚ། གསེར་དངུལ་ཟངས་ལྕགས་ཀྱི་བཟོ་ལས། ཤོག་བཟོ། རྔ། རོལ་མོ། འཚེམ་བུ། སྤོས་སྦྱོར། རྫས་འགྱུར་སྣ་ཚོགས་བཅས་ཁྱོན་བསྡོམས་ལེའུ་བདུན་ཡོད་པ་བྲིས་མ་ལས་དཔར་མེད།