Jump to content

ཚོགས་གཉིས་

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་གཞུང་སྤྱིའི་བཤད་སྲོལ། བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་བཏང་བ་དང་ཚུལ་ཁྲིམས་སྲུང་བ་ལྟ་བུ་དང་། ཡེ་ཤེས་ཀྱི་ཚོགས་ནི་ཏིང་ངེ་འཛིན་སྒོམ་པ་དང་། སྟོང་ཉིད་ཀྱི་ལྟ་བ་རྟོགས་པ་ལྟ་བུ་སྟེ། དེ་ཡང་ཞིབ་ཙམ་ཞུས་ན་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲིབ་པའི་ཐབས་སུ་གྱུར་བའི་དགེ་བ་དང་ཐབས་དང་ཤེས་རབ་ཅི་རིགས་ཀྱིས་བསྡུས་པ་ནི་ཚོགས་ཀྱི་རང་བཞིན་ཡིན་ནོ། དེ་ལ་དབྱེ་ན་བསོད་ནམས་ཀྱི་ ཚོགས་དང། ཡེ་ཤེས་ཀྱི་ཚོགས་གཉིས་སོ། །བསོད་ནམས་ཀྱི་ཚོགས་ནི་མཆོད་སྦྱིན་ལ་སོགས་པ་འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་བྱེད་ཀྱི་དཀར་པོ་དགེ་བའི་ལས་དེ་ཡིན། དེ་ཡང་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་ལས། སྦྱིན་པ། ཚུལ་ཁྲིམས། བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་དང། སངས་རྒྱས་ཀྱི་གཟུགས་སྐུ་སྟེ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་སྒྲུབ་བྱེད་ཀྱི་རྒྱུའོ། །ཇི་སྐད་དུ། དབུ་མ་འཇུག་པར། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉིད་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ་པར་བྱེད་པའི་ཟག་མེད་དགེ་བའི་ཚོགས་དེ་ཡིན། དེ་ཡང་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་ལས། བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་དང། སངས་རྒྱས་ཀྱི་ཆོས་སྐུ་སྟེ། ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་སྐུ་གཉིས་སྒྲུབ་བྱེད་ཀྱི་རྒྱུའོ། །ཇི་སྐད་དུ། 《རིན་ཆེན་ཕྲེང་བ》ལས་སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །ཞེས་གསུངས་པ་ལྟར་རོ། །ཕར་ཕྱིན་དྲུག་ལས་བརྩོན་འགྲུས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀའི་རྒྱུ་ཡིན་ཏེ། 《དབུ་མ་འཇུག་པར》ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་བཞིན། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱ་རྒྱུ། ཞེས་གསུངས། །རྒྱུ་ཚོགས་གཉིས་བསགས་པས་འབྲས་བུ་སྐུ་གཉིས་སུ་གྲངས་ངེས་པ་ཡིན། ཚོགས་འདི་གཉིས་མ་རྫོགས་ན། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད། དེ་བཞིན་དུ་ཚོགས་གཉིས་ཡོངས་སུ་མ་རྫོགས་ན། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད། དེ་བཞིན་དུ་ཚོགས་གཉིས་ཡོངས་སུ་མ་རྫོགས་པར། སྟོང་པ་ཉིད་ཀྱི་དོན་མ་ནོར་བ་དེ་ཡང་རྒྱུད་ལ་སྐྱེ་མི་ནུས་ཏེ། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་གསུངས་སོ། །