Jump to content

ཚེ་སྐབས་

ཡོང་ཁུངས་Wikipedia

དེའི་ཚེ་དང་། དེའི་དུས་དང་། དེའི་སྐབས་ཞེས་པ་ལྟ་བུའི་ཚེ་དང་དུས་དང་སྐབས་ཀྱི་ཚབ་ཏུ་དུས་ཙམ་སྟོན་པ་ལ། ལ་དོན་རྣམས་གོང་བཞིན་དུ་འཇུག་པ་ལས། བྱ་བ་དང་དགོས་པ་དང་། གཞི་གཞན་ཞིག་ལ་ཆོས་གང་ཡང་རུང་བ་གནས་པ་སྟོན་པ་དང་། ངོ་བོ་ཉིད་དུ་གྲུབ་པར་སྟོན་གང་ཡང་མ་ཡིན་པ་ཤེས་སླའོ། དཔེར་ན། གནས་དུས་སུ། དེང་སྐབས་སུ། རྒྱན་ཆགས་སུ། ཉིན་འགའ་རུ། གནའ་སྔ་མོ་རུ། དུས་ཚོད་དང་བོ་རུ་ཚོགས་འཚོགས། དུས་ཚོད་ལྔ་བ་རུ་གྲོལ། ཉིན་འགར། གནའ་སྔ་མོར། དུས་ཚོད་དང་བོར། དུས་ཚོད་ལྔ་བར་གྲོལ། དེ་མ་ཐག་ཏུ་གྲོལ། རྟག་ཏུ་དྲན་ཤེས་བསྟེན། ཉི་ནུབ་ཏུ་ཚོགས་གྲོལ། སྐབས་ཀུནད་ཏུ་དོགས་ཟོན་བྱེད། ཉིན་གོང་དུ། ཉིན་ཕྱེད་དུ། དཔྱིད་དུས་སུ་ས་བོན་འདེབས། སྟོན་དུ་ཞིང་བརྔ། མཚན་དུ། དུས་གཞན་དུ། སྔོན་དུ། རྒྱུན་དུ་དཔེ་ལྟས་བྱེད། ལོ་གསུམ་དུ་བསྐྱར་སྦྱོང་བྱས། དབྱར་དུ་མེ་ཏོག་མང་། ཉི་ཤར་དུ་སླེབས། ཕྱེད་ཡོལ་དུ་ཐོན། གནའ་དུས་ན། དེང་སྐབས་ན། དེ་དུས་ན། དུས་གཅིག་ན་འདི་མཐོང་། ཉི་ནུབ་ན་སླེབས། ཉིན་གུང་ན་ཐོན། ལོ་གསུམ་ན་སློབ་སྦྱོང་བྱས། གནའ་དུས་ལ། དུས་ཚོད་དང་བོ་ལ། དེ་དུས་ལ། ཉིན་འགའ་ལ། ཉི་ནུབ་ལ། སྔ་དྲོ་ལ། ཉིན་ཕྱེད་ལ། ཕྱེད་ཡོལ་ལ་ཐོན། ཕྱི་ལོ་ལ། ལོ་གསུམ་ལ། ལོ་ལྔ་ལ་བཟོ་གྲྭ་དུ་མ་ཞིག་གྲུབ། ལོ་གསུམ་གྱི་རྗེས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ངོ་། ཞེས་པ་ལྟ་བུའོ། དེ་ལྟར་ལ་ཡིག་ནི་སུ་སོགས་ལ་དོན་གཞན་རྣམས་ཀྱི་ཚབ་ཏུ་ཡང་ལས་སོགས་དོན་ལྔ་ལ་ཁྱད་མེད་དུ་འཇུག་པ་གོང་གི་དཔེ་བརྗོད་རྣམས་སུ་བཀོད་པ་ལྟར་ཡིན་ལ། དེའི་རྒྱུ་མཚན་གྱིས་རྩ་བར་ཡང་། བཞི་བ་དགུ་བ་དངོས་ཀྱང་སྟེ།། ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། ཞེས་གསུངས་སོ།།