ཚེ་གླིང་དོ་དམ
བོད་རབ་བྱུང་བཅུ་བཞི་པའི་ས་ཡོས་ཆིང་རྒྱལ་རབས་ཀྱི་གོང་མ་རེན་ཙུང་ཅ་ཆིང་ཁྲི་ལོ་ཉི་ཤུ་རྩ་བཞི་པའི(༡༨༡༩)ལོར། སྐབས་དེའི་བོད་ས་གནས་ཀྱི་སྲིད་སྐྱོང་དེ་མོ་འཇིགས་མེད་རྒྱ་མཚོ་འབྲུམ་ནད་ཀྱིས་འདད་ཚབ་ཏུ་ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་བཇམ་དཔལ་ཚུལ་ཁྲིམས(དགའ་ལྡན་ཁྲི་ཐོག་དོན་གསུམ་པ)སྲིད་སྐྱོང་དུ་བསྐོས་ཏེ་ལོ་ཉི་ཤུ་རྩ་ལྔའི་རིང་སྲིད་དབང་བཟུང་ཞིང་། དེའི་རིང་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཀར་ཧ་ཅང་དམ་དྲགས་པ་དང། ལྷག་པར་དུ་བཀའ་ཤག་སོགས་མཐོ་རིམ་དཔོན་རིགས་དང་། པཎ་ཆེན་ཨེར་ཏེ་ནེའི་ཞབས་གྲས། བོད་དུ་བཅའ་སྡོད་ཨམ་བན་བཅས་དང་མཐུན་པོ་མ་བྱུང་བའི་རྐྱེན་གྱིས། བོད་ཀྱི་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཆིང་རྒྱལ་རབས་ཀྱི་གོང་མ་ཞོན་ཙུང་ཏའོ་ཀོང་ཁྲི་ལོ་ཉི་ཤུ་རྩ་བཞི་པའི(༡༨༤༤)ལོར། སྐམས་དེའི་ལྷ་སར་རྒྱུན་སྡོད་ཨམ་བན་ཆིས་ཧྲན(琦善)གྱིས་གོང་མར་སྙན་ཞུ་ཕུལ་རྗེས་བཀའ་ཕབ་པ་ལྟར། བོད་ཟླ༨པའི་ཚེས༣ཉིན་གློ་བུར་དུ་ཚེ་སྨོན་གླིང་གི་ཛ་སག་བསྐལ་བཟང་རྣམ་རྒྱལ་ཨམ་བན་གྱི་ཡཱ་མོན་དུ་བསྐོངས་ཏེ་འཕྲལ་དུ་འཛིན་བཟུང་ཐོག། རྩེ་པོ་ཏ་ལའི་ལྟག་སྒོ་རྒྱབ་དུ་བཙོན་འཇུག་བྱས། སྲིད་སྐྱོང་ཚེ་སྨོན་གླིང་རང་ཉིད་སྐབས་དེར་གླིང་ཁར་སྤྲོ་སྐྱིད་གཏོང་བཞིན་པའི་མུར་བཀའ་བློན་ཟུར་ཁང་པ་ཡོང་ནས་སྲིད་སྐྱོང་གྱི་ཐམ་ཀ་རྩིས་ལེན་བྱས་ཤིང་། ཚེས་དྲུག་ཉིན་སྲིད་སྐྱོང་གི་ལས་ཐམ་པཎ་ཆེན་ཨེར་ཏེ་ནི་བསྟན་པའི་ཉི་མར་ཕུལ་ཏེ་སྲིད་སྐྱོང་ལས་ཚབ་དུ་བསྐོས། བོད་ཟླ༡༢ཆེས་གསུམ་ཉིན་ཚེ་སྨོན་གླིང་སྲིད་སྐྱོང་འཛིན་བཟུང་བྱས་ཐོག། རྩེ་པོ་ཏ་ལའི་ལྟག་སྒོ་རྒྱབ་ཏུ་བཙོན་འཇུག་དང་། ཛ་སག་བསྐལ་བཟང་རྣམ་རྒྱལ་ལྷ་ས་སྣང་རྩེ་ཤག་གི་བཙོན་ཁང་དུ་བཙོན་འཇུག་བྱས་རྗེས། ཚེ་སྨོན་གླིང་བླ་བྲང་ལ་སྒོ་ཐེལ་བརྒྱབ། དེ་ནས་དུས་ཚོད་རིང་པོ་མ་སོང་བརཚེ་སྨོན་གླིང་དང་། ཛ་སག་བསྐལ་བཟང་རྣམ་རྒྱལ་བཅས་ཟི་ལིང་ལ་རྒྱང་ཕུད་བཏང་སྟེ། ཡང་སྲིད་རྩད་གཅོད་མི་ཆོག་པའི་རྡོ་རིང་གི་ཡི་གེ་ཡང་བསླངས། ཚེ་སྨོན་གླིང་བླ་བྲང་དང་དགོན་པའི་རྒྱུ་ནོར་རྣམས་དབུས་གཙང་ཁུལ་གྱི་དགོན་པ་ཁག་ལ་བགོ་བཤའ་དང་། མཆོད་གཞིས་ཁག་རྣམས་གཞུང་བཞེས་བཏང་སྟེ། དེའི་དོ་དམ་བྱེད་མཁན་དཔོན་རིགས་ཟུར་དུ་བསྐོས་པ་ལ། ཚེ་སྨོན་གླིང་དོ་དམ་པ་ཟེར་ཞིང་། དོ་དམ་རྩེ་དྲུང་མཁན་ཆུང་གཅིག་དང་། དྲུང་ཡིག་གཅིག། གད་པ་ཁང་གཉེར་མི་གཉིས་བཅས་ཡོད།