ཚིག་དོན་དྲུག་
བྱེ་བྲག་པ་དང་རིག་པ་ཅན་པ་གཉིས་ཀྱིས་ཤེས་བྱ་ཐམས་བཅད་ཚིག་དོན་དྲུག་ཏུ་བསྡུར་བར་འདོད་ཅིང་། ཚིག་དོན་དྲུག་གི་བྱུང་ཚུལ་ནི། བྱེ་བྲག་པའི་སྟོན་པ་འུག་པ་ཞེས་བྱ་བས་རང་གི་བསྟི་གནས་སུ་བསམ་གཏན་བསྒྲུབས་པས་བྱ་འུག་པ་ཞིག་མཐོང་སྟེ། དེ་ལ་ཚིག་གི་དོན་དྲུག་དྲིས་པས་དྲུག་པ་ཚུན་ཆད་བརྡ་བྱས་ལ། དེ་ཕྱིན་ཆད་མ་བྱུང་བས་ཚིག་དོན་དྲུག་ཏུ་རྒྱ་ཆོད་པར་འདོད་པ་དང་། འུག་པ་ལྷར་འཁྲུལ་ནས་ཚིག་དོན་དྲུག་རྙེད་པར་རློམ་པ་ཡིན་ནོ། དེ་ན་སྟོན་པ་དེའི་མིང་ལའང་འུག་པ་ཟེར་ཞིང་། དེའི་རྗེས་འབྲངས་རྣམས་ལ་འུག་ཕྲུག་པ་ཞེས་ཟེར་རོ། །ཚིག་དོན་དྲུག་ནི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་གསུངས་པ་ལྟར། རྫས་དང། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་དང་དྲུག་གོ ། ༡. རྫས་ནི་དགུ་སྟེ། ས་ཆུ་མེ་རླུང་ནམ་མཁའ་དུས་ཕྱོགས་བདག་ཡིད་རྣམས་སོ། །དེ་དག་ལས་འབྱུང་བ་བཞི་དང་ཡིད་ལྔ་ནི། ཐམས་བཅད་དུ་སོང་བ་མ་ཡིན་བའི་རྫས་དང་། བདག་དུས་ཕྱོགས་ནམ་མཁའ་བཞི་ནི་ཐམས་བཅད་དུ་སོང་བའི་རྫས་ཞེས་བྱའོ། །ཅིའི་ཕྱིར་རྫས་ཞེས་བྱ་ཞེ་ན། རང་ཉིད་ཆོས་གཞན་ལ་བརྟེན་མི་དགོས་པར་རང་རྐྱ་བར་གྲུབ་ཅིང་ཡོན་ཏན་སོགས་ཆོས་གཞན་གྱི་རྟེན་རང་ཉིད་ཀྱི་་བྱེད་པས་ན་རྫས་ཞེས་བྱ་བ་ཡིན་ནོ། ། ༢. ཡོན་ཏན་ལ་དབྱེ་ན་ཉི་ཤུ་རྩ་བཞི་སྟེ། གཟུགས་དང་། རོ། དྲི། རེག་བྱ། གྲངས། ཚད། སོ་སོ་བ། ལྡན་པ། རྣམ་པར་དབྱེ་པ། གཞནགདང་གཞན་མ་ཡིན་པ། བློ་རྣམས། བདེ་བ། སྡུག་བསྔལ། འདོད་པ། སྡང་བ། འབད་པ། ལྕི་བ། སྣུམ་པ། འདུས་བྱས། ཆོས། ཆོས་མིན་པ། སྒྲ། དྲོ་བ། གཤེར་བ་དང་ཉི་ཤུ་རྩ་བཞིའོ། ཡོན་ཏན་གྱི་མཚན་ཉིད་ནི། རྫས་ལ་བརྟེན་པ། ཡོན་ཏན་ལ་ཡོན་ཏན་གཉིས་པ་མི་བརྟེན་པ། འདུ་བའི་རྒྱུ་མི་བྱེད་པ། ཚད་མ་དང་རྟགས་ལ་མི་ལྟོས་པའོ། ། ༣. ལས་ནི། འདེགས་པ་དང་། འཇོག་པ། བརྐྱངས་པ། བརྐུམས་པ། འགྲོ་བ་དང་ལྔའོ། ། ༤.སྤྱི་ནི། བྱེ་བྲག་ལ་ཁྱབ་པར་བྱེད་པ་སྟེ་གང་ལ་རང་ཉིད་རྗེས་སུ་འགྲོ་བའི་ཆོས་དེ་ལ་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུར་གྱུར་པ་ཞིག་གོ་དེ་ལ་དབྱེ་ན། ཁྱབ་པའི་སྤྱི་དང་། ཉི་ཚེ་བའི་སྤྱི་གཉིས་སོ། དང་པོ་ནི་ཡོད་པ་ཉིད་ལྟ་བུ་དང་། གཉིས་པ་ནི་བ་ལང་ཉིད་ལྟ་བུའོ། ། ༥. བྱེ་བྲག་ནི་། སྤྱིའི་དོན་སོ་སོར་མ་འདྲེས་པའི་གསལ་བ་རྣམས་ཏེ། རང་ཉིད་ཆོས་གཞན་ལས་ཁྱད་པར་དུ་གོ་བར་བྱེད་པ་ཞིག་གོ། དཔེར་ན། དཀར་པོ་ནག་པོ་དང་ཐ་དད་པའི་ཁྱད་པ་བྱེ་བྲག་གིས་འབྱེད་པར་འདོད་དོ། ། ༦. འདུ་བ་ནི། འབྲེལ་བ་སྟེ་འདི་ལ་འདི་ཡོད་དོ་སྙམ་པའི་ཤེས་པའི་བཟུང་ཡུལ་དུ་གྱུར་པ་ཞིག་གོ། དེ་ལ་དབྱེ་ན། རྟེན་དང་བརྟེན་པ་གོ་ས་ཐ་དད་པའི་ལྡན་འབྲེལ་དང་། གོ་ས་ཐ་མི་དད་པའི་འདུ་འབྲེལ་གཉིས་སོ། །