ཚིག་གདངས་

ཡོང་ཁུངས་Wikipedia

སྒྲའི་མཐོ་དམན་དང་ལྕི་ཡང་། རིང་ཐུང་སྐོར་གྱི་སྐད་སྒྲའི་ཁྱད་ཆོས་ནི་ཚང་མ་མིང་དང་ཐ་སྙད་རེ་རེ་ལ་བཤད་པ་རེད། ཡིན་ཡང་མི་རྣམས་ཀྱི་སྨྲ་བརྗོད་ནང་གི་ཚིག་གྲུབ་ཧྲིལ་བོར་ཡང་མཐོ་དམན་དང་དལ་མགྱོགས། རིང་ཐུང་། དྲག་ཞན། ཆད་མཐུད་ཀྱི་འཕོ་འགྱུར་ཡོད་པ་དེ་ནི་ཚིག་གདངས་ཡིན། སྐད་རིགས་ཞིག་ཡིན་རུང་ཚང་མར་ཚིག་གདངས་ཡོད་ཅིང་། ཚིག་གྲུབ་རེ་ལ་ཚིག་གདངས་ངེས་ཅན་ཞིག་ཡོད་པ་ཡིན།

ཚིག་གྲུབ་ཀྱི་སྒྲ་ལྕི་མོ།[རྩོམ་སྒྲིག]

མི་རྣམས་ཀྱིས་སྐད་རིགས་གང་ཞིག་གིས་སྐད་ཆ་བཤད་རུང་། ཚིག་གྲུབ་གཅིག་གི་ནང་དུ་མིང་འགའ་རེའི་སྒྲ་ཅུང་ལྕི་མོ་དང་། འགའ་རེའི་སྒྲ་ཅུང་ཙམ་ཡང་མོ་ཡིན་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཚིག་གྲུབ་དང་ཚིག་ཚན་གྱི་སྒྲ་ལྕི་མོ་དེ་ལ་སྒྲ་ལྕི་མོ་ཟེར། ཚིག་གྲུབ་ཀྱི་སྒྲ་ལྕི་མོ་དང་མིང་གི་ནང་གི་སྒྲ་ལྕི་མོ་དེ་གཉིས་གཏན་ནས་མི་འདྲ། མིང་གི་སྒྲ་ལྕི་མོ་དེ་མིང་གཅིག་གི་སྒྲ་ཚིགས་ངེས་ཅན་རྒྱུན་འཇགས་སུ་གནས་པ་དང་། ཚིག་གྲུབ་ཀྱི་སྒྲ་ལྕི་མོ་དེ་ཚིག་གི་གྲུབ་ཚུལ་དང་མིང་དེ་གཉིས་ཚིག་གྲུབ་ནང་གི་གནས་ས་ལ་རག་ལས་པ་རེད། ཚིག་གྲུབ་ཀྱི་སྒྲ་ལྕི་མོ་ལ་དབྱེ་ན་རིགས་གཉིས་ཏེ། གཅིག་ནི་མཚམས་ཚིགས་ཀྱི་སྒྲ་ལྕི་མོ་དང་། གཞན་ཞིག་ནི་གཏན་ཚིགས་རིག་པའི་སྒྲ་ལྕི་མོ་ཡིན། བརྩེ་དུང་གི་ཉམས་འགྱུར་མི་ལྡན་པ་དང་། སྤྱིར་བཏང་དུ་བཤད་ཉམས་སྤྱད་དེ་སྐད་ཆ་བཤད་དུས་ཕྱིར་མངོན་པའི་ཚིག་གྲུབ་ཀྱི་སྒྲ་ལྕི་མོ་དེ་ནི་མཚམས་ཚིགས་ཀྱི་སྒྲ་ལྕི་མོ་ཡིན། དེ་ཡང་ཚིག་གྲུབ་ཀྱི་བརྡ་སྤྲོད་ཀྱི་གྲུབ་ཚུལ་དང་རྒྱུན་དུ་འབྲེལ་བ་ཡོད་ཅིང་། རྟག་ཏུ་ཚིག་གྲུབ་ཀྱི་ནང་ནས་མི་གཅིག་ས་མཚོན་བྱེད་ཀྱི་མིང་གི་ཐོག་ཏུ་བབས་པ་རེད། རྒྱ་སྐད་ཀྱི་པེ་ཅིང་སྐད་དུ་སྤྱིར་བཏང་གི་ཚིག་ཐུང་ནང་གི་རྗོད་ཚིག་དང་བྱེད་ཚུལ་སྟོན་པའི་ཚིག གསབ་ཚིག འདྲི་བྱེད་ཚབ་ཚིག་བཅས་དུས་རྒྱུན་དུ་ལྕི་མོར་ཀློག་དགོས། སྐབས་འགར་སྐད་ཆ་བཤད་པ་པོས་ཚིག་གྲུབ་གཅིག་གི་མིང་ཞིག་ཧ་ཅང་གལ་ཆེ་བས་ནན་བཤད་བྱ་དགོས་བསམས་ན། བསམ་བཞིན་དུ་མིང་དེ་ལྕི་མོར་བཤད་པ་སྟེ། དེ་ལྟ་བུའི་སྒྲ་ལྕི་མོ་ནི་གཏན་ཚིགས་རིག་པའི་ལྕི་མོ་ཡིན། མཚམས་ཚིགས་ཀྱི་སྒྲ་ལྕི་མོའི་གནས་ས་ནི་རྒྱུན་འཇགས་ཡིན་ལ། གཏན་ཚིགས་རིག་པའི་སྒྲ་ལྕི་མོ་དེ་བཤད་པོ་པོའི་གནད་ཆེ་ས་དང་བསྟུན་ནས་འགྱུར་བ་རེད།

བར་མཚམས་བཞག་པ།[རྩོམ་སྒྲིག]

མི་རྣམས་ཀྱིས་སྐད་ཆ་བཤད་སྐབས་ཚིག་གྲུབ་རེ་ཚིག་གྲུབ་རེ་བཤད་པ་རེད། ཚིག་གྲུབ་རེ་བཤད་ཚར་ནས་མཚམས་ཅུང་ཙམ་འཇོག་དགོས་པ་དེ་ལ་བར་མཚམས་བཞག་པ་ཟེར། སྐབས་འགར་ཚིག་གྲུབ་ཅུང་ཙམ་རིང་ན། དེའི་ནང་ཁུལ་དུ་ད་དུང་བར་མཚམས་བཞག་པ་རིང་ཐུང་མི་གཅིག་པ་ཡོད་ཆོག་པ་དང་། བར་མཚམས་བཞག་པ་དེས་ངེས་པར་དུ་ཚིག་གྲུབ་ཀྱི་སྒྲིག་གཞིའི་གོ་རིམ་ལ་བལྟ་དགོས། མངོན་གསལ་གྱི་བར་མཚམས་བཞག་པ་ཡིན་ན་ཡིག་ཐོག་ཏུ་བརྡ་རྟགས་ཚེག་ཤད་ལ་བརྟེན་ནས་མཚོན་པར་བྱེད། གལ་ཏེ་བར་མཚམས་འཇོག་ས་ནོར་བའམ་བར་མཚམས་བཞག་པ་དེའི་རིང་ཐུང་མི་འགྲིག་ན། གོ་དོན་བསྒྱུར་བའམ་ཚིག་དོན་གསལ་མ་གསལ་ཡོང་ངེས་ཡིན།

ཚིག་གྲུབ་ཀྱི་གདངས།[རྩོམ་སྒྲིག]

ཚིག་གྲུབ་ཀྱི་གདངས་དེ་ལ་བཤད་ཉམས་ཡང་ཟེར། ཚིག་གྲུབ་ཀྱི་གདངས་དང་སྒྲའི་ང་རོ་དེ་གཉིས་ཀྱི་ཁྱད་པར་ནི་འདི་ལྟ་སྟེ། སྒྲའི་ང་རོ་ནི་སྒྲ་ཚིགས་གཅིག་གི་སྒྲ་ཤུགས་མཐོ་ཚད་ཀྱི་འཕོ་འགྱུར་ཡིན་ལ། ཚིག་གྲུབ་ཀྱི་གདངས་ནི་ཚིག་གྲུབ་གཅིག་གམ་ཚིག་ཚན་གཅིག་གི་སྒྲ་ཤུགས་མཐོ་ཚད་ཀྱི་འཕོ་འགྱུར་ཡིན། སྤྱིར་བཏང་དུ་དེ་ཚིག་གྲུབ་ཧྲིལ་བོའམ་ཚིག་ཚན་ཧྲིལ་བོ་ཁྱབ་ནས་གནས་ཡོད་ཅིང་། སྒྲ་ཚིགས་ཆེས་མཐའ་མ་དེ་ལྷག་པར་དུ་མངོན་གསལ་དོད་པོ་ཡིན། དོན་རྗོད་བྱེད་ཚིག་གྲུབ་དང་སྐུལ་བྱེད་ཚིག་གྲུབ། འབོད་བྱེད་ཚིག་གྲུབ། ཁྱད་པར་ཅན་གྱི་འདྲི་བྱེད་མིང་འདུས་པའི་འདྲི་བྱེད་ཚིག་གྲུབ་བཅས་མང་ཆེ་བར་འབབ་པའི་ང་རོ་བཀོལ་བ་དང་། སྤྱིར་བཏང་གི་འདྲི་བྱེད་ཚིག་གྲུབ་དང་བཤད་མ་ཚར་བའི་ཚིག་གྲུབ་བམ་དོན་དག་མངོན་ཆུང་ལྡན་པའི་ཚིག་གྲུབ་དེ་དག་མང་ཆེ་བར་འཕར་བའི་ང་རོ་བཀོལ་བ་རེད། འབབ་པའི་ང་རོ་དང་འཕར་བའི་ང་རོ་དེ་གཉིས་ནི་ཚིག་གྲུབ་ཀྱི་གདངས་དེའི་རྩ་བའི་རྣམ་པ་གཉིས་ཡིན། ཡིན་ནའང་སོམ་ཉིའམ་ཐེ་ཚོམ། ཡང་ན་སྒྲོག་འདོགས། ནན་བཤད་སོགས་བྱེད་དུས། ད་དུང་འཁྱོག་པོའི་ང་རོ་བཀོལ་ཆོག དེའི་རྒྱུ་མཚན་གྱིས་མིང་འདྲ་འདྲ་དེ་དག་ལས་གྲུབ་པའི་ཚིག་གྲུབ་དེ་ཚིག་གྲུབ་ཀྱི་གདངས་མི་འདྲ་བར་བརྟེན་ནས་བཤད་ན་གོ་དོན་མི་འདྲ་བར་འགྱུར་ངེས་ཡིན། ཚིག་གདངས་དེའི་ཚིག་གྲུབ་ལ་མཐོ་དམན་དང་ལྕི་ཡང་། དལ་མགྱོགས་བཅས་ཀྱི་ཁྱད་ཆོས་ལྡན་པར་བཅུག་པས། གོ་དོན་སྣ་ཚོགས་མཚོན་པར་བྱེད་ཐུབ་པར་མ་ཟད། ད་དུང་བརྩེ་དུང་སྟོན་ཐུབ་པས། སྐད་སྒྲའི་རྒྱུ་གཙོ་གལ་ཆེ་བ་ཞིག་ཡིན། ང་ཚོས་སྐད་རིགས་གཞན་ཞིག་སློབ་དུས། མིང་དང་ཐ་སྙད་རེ་རེའི་སྒྲ་ཡང་དག་པར་ཀློག་དགོས་པར་མ་ཟད། ད་དུང་ཚིག་གདངས་ཁོངདུ་ཆུད་པ་བྱས་ན། གཞི་ནས་ཇི་མ་ཇི་བཞིན་དུ་བཤད་ནུས་པ་ཡིན།