Jump to content

ཚལ་པ་ཀུན་དགའ་རྡོ་རྗེ་

ཡོང་ཁུངས་Wikipedia

ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ(སི་ཏུ་དགེ་བའི་བློ་གྲོས)ནི་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོར་འཁྲུངས། རབ་བྱུང་དྲུག་པའི་ཤིང་སྦྲུལ(༡༣༦༥)ལོར་སྐྲུ་གཤེགས། འདི་པའི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེ་དགུང་ལོ་ཉི་ཤུ་པ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་བར་ཁྲི་དཔོན་བྱས། དགུང་ལོ་ཞེ་ལྔ་པ། རབ་བྱུང་ལྔ་པའི་ས་འབྲུག(༡༣༢༨)ལོར་ཇོ་གདན་མཁན་ཆེན་བསོད་ནམས་དཔལ་བ་དང། ཡང་དགོན་མཁན་པོ་བྱང་ཆུབ་དཔལ་བ་གཉིས་ཀྱི་དྲུང་ནས་བསྙེན་སྫོགས་མཛད་ཅིང། རྩོམ་ཡིག་ཀྱང་མང་པོ་ཡོད་པ་ཞིག་ཡིན་པ་དང་། ལྷ་ས་གཙུགས་ལག་ཁང་ལ་བདག་གཉེར་ཧ་ཅང་ལེགས་པོ་གནང་ཡོད། ཚལ་པ་ཀུན་དགའ་རྡོ་རྗེ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་ཆེ་བ་ཡིན་ཞིང། དགུང་ལོ་ལྔ་ནས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན། ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་མདོ་སྔགས་རིག་གནས་གང་ལ་མཁས་པའི་སྙན་གྲགའ་ཅན་དུ་གྱུར། དགུང་ལོ་བཅོ་ལྔ་པ་རབ་བྱུང་ལྔ་པའི་ཆུ་ཕག(༡༣༡༣)ལོར་ཁྲི་དཔོན་དུ་བསྐོས། དགུང་ལོ་བཅུ་བདུན་པ་ཤིང་གླང(༡༣༢༥)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡེ་སུན་ཐེའི་མུར་གྱི་དྲུང་དུ་བྱོན། དངུལ་བྲེ་ཆེན་དང། དངུལ་གྱི་ཐམ་ཀ་ གསེར་གྱི་རྒྱན། གོས་དར་སོགས་མང་པོ་དང། ཚལ་པའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་བཅས་བྱུང། འདིས་ལོ་ཉི་ཤུ་རྩ་བརྒྱད་རིང་ཁནརི་དཔོན་གྱི་གོ་གནས་བཟུང་ཞིང། དེའི་རིང་ཚལ་གུང་ཐང་གི་གཙུག་ལག་ཁང་དང། ལྷ་ས་གཙུག་ལག་ཁང། པོ་ཏ་ལ་བཅས་ལ་བདག་གཅེས་དང་ཉམས་གསོ་ལེགས་པར་མཛད། བུ་སྟོན་རིན་པོ་ཆེ་གདན་དྲངས་ཏེ་སྣར་ཐང་གི་བཀའ་འགྱུར་མང་པོར་ཞིབ་བསྡུར་ཞུས་དག་མཛད་དེ། གསེར་དངུལ་འདྲེས་མའི་བཀའ་བགྱུར་པོད་ཉིས་བརྒྱ་དྲུག་ཅུ་བཞེངས་པ་དེར་ཚལ་པ་བཀའ་བགྱུར་ཞེས་བོད་ཀྱི་མཀས་པ་མང་པོས་ཚད་ལྡན་གྱི་མ་དཔེར་བརྩི་བ་དེ་བྱུང། འོན་ཀྱང་རྗེས་སུ་ཏའི་སི་ཏུ་བྱབ་ཆུབ་རྒྱལ་མཚན་དང་མ་མཐུན་པའི་རྐྱེན་གྱིས་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག(༡༣༥༢)ལོར་སྲིད་དབང་ཤོར་ཏེ་རང་ཉིད་ཀྱི་ལས་རྒྱུན་འཛུན་མཁན་གཅུང་པོ་གྲགས་པ་ཤེས་རབ་ལ་གཏད་ནས་མཁན་ཆེན་དོན་ཞགས་པ་སང་སརྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་མཛད། མཚན་དགེ་བའི་བློ་གྲོས་སུ་གསོལ་ ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་གནང་རྗེས་ཚལ་གུང་ཐང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། བོད་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བསྟོད་བསྔགས་ཆེན་པོ་བྱེད་པ་ཞིག་བྱུང། འདིས་མཛད་པའི་རྩོམ་ཡིག་ལ། ཚལ་པ་བཀའ་འགྱུར་གྱི་དཀར་ཆག་དང་། 《དེབ་ཐེར་དཀར་པོ》 《དེབ་ཐེར་དམར་པོ》 《དེའི་ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག》རྒྱལ་རབས་ལོ་རྒྱུས་《དེབ་ཐེར་ཁྲ་བོ》 《གུང་ཐང་བླ་མ་ཞང་གི་རྣམ་ཐར》རང་ཉིད་ཀྱི་《ཡབ་སྨོན་ལམ་རྡོ་རྗེའི་རྣམ་ཐར》བཅས་ཡོད། 《དེབ་ཐེར་དམར་པོ》ནི་རབ་བྱུང་དྲུག་པའི་མེ་ཁྱི(༡༣༤༦)ལོར་བརྩམ་འགོ་ཚུགས། ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་མཛད་པའི་ལོ་སྟེ། རབ་བྱུང་དྲུག་པའི་ཆུ་ཡོས(༡༣༦༣)ལོར་བརྩམས་གྲུབ་པ་ཡིན། དེབ་ཐེར་འདི་ཡི་ཁ་བྱང་དུ《དེབ་ཐེར་དམར་པོ་རྣམས་ཀྱི་དང་པོ་བཞུགས་སོ》ཞེས་འཁོད་པ་མ་ཟད། འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི《ཚལ་གུང་ཐང་གྱི་དཀར་ཆག》དུ་ཡང《དེབ་ཐེར་དམར་པོ་》འདི་ལ་ལྷན་ཐབས་སུ《དེབ་ཐེར་མཁས་པའི་ཡིད་འཕྲོག》ཟེར་བ་ཞིག་ཡོད་ཅེས་འཁོད་པ་ལྟར་དེ་སྔོན་རིག་གནས་གསར་བརྗེ་ཆེན་པོའི་གོང། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཕྱག་དཔེའི་གྲས་སུ《དེབ་ཐེར་དམར་པོའི་ཁ་སྐོང་མཁས་པའི་ཡིད་འཕྲོག》ཅེས་འཁོད་པའི་དཔེ་རིང་བྲིས་མ་ཞིག་ཁོ་བོས་མཐོང་མྱོང་བ་དེའི་ནང་དོན་ནི། ཐོག་མར་བོད་ཀྱི་རྒྱལ་རབས་བཀོད་པ་ཕལ་ཆེ་བ་ནི་གནད་བསྡུས་ཙམ་དང། ནང་དོན་གཙོ་བོ་ནི། གུང་ཐང་བླ་མ་ཞང་ནས་བཟུང་ཚལ་གུང་ཐང་གི་བླ་རབས་དང། དཔོན་དར་མ་གཞོན་ནུ་ནས་བཟུང་རང་ཉིད་ཀྱི་ཡབ་སྨོན་ལམ་རྡོ་རྗེའི་བར་གྱི་ལོ་རྒྱུས་འཁོད་འདུག་པ་འདིའི་གྲས་ད་དུང་ཡོད་མེད་འོལ་ཞིབ་བྱེད་དགོས་པ་བཅས་ལོ་རྒྱུས་མདོར་བསྡུས་ཙམ་ཡིན། གོང་གསལ་རྩོམ་པ་པོའི་ལོ་རྒྱུས་རྣམས《བུ་སྟོན་རིན་པོ་ཆེའི་རྣམ་ཐར》ཁོང་གི་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་དང། འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》གྲངས་༣༥ནས་༣༧བར་དང། ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི《ཀརྨ་བཀའ་བརྒྱད་ཀྱི་ཆོས་འབྱུང》དང《དེབ་དམར》ནང་གསལ་བའི་ཀརྨ་པ་རོལ་པའི་རྡོ་རྗེའི་ལོ་རྒྱུས་བཅས་ཕན་ཚུན་བསྡུར་ནས་བྲིས་པ་ཡིན་པས་ཞིབ་ཆ་གོང་གསལ་གྱི་ལོ་རྒྱུས་ཡིག་ཆ་དེ་ཚོར་གཟིགས་པར་ཞུ།