ཚད་རྡུལ་ཤུགས་རིག་པ་

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

ཚད་རྡུལ་ཤུགས་རིག་པ།[རྩོམ་སྒྲིག]

ཚད་རྡུལ་ཤུགས་རིག་པ་ནི་ཕྲ་བའི་རིལ་རྡུལ་རྣམས་ཀྱི་འགུལ་སྐྱོད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཤིག་ཡིན། ཕྲ་བའི་རིལ་རྡུལ་གྱི་ངོ་བོ་ནི་རགས་པའི་རིལ་རྡུལ་དང་བསྡུར་ན་མི་འདྲ་ས་མང་བོ་ཡོད་དེ། ཁྱད་པར་གཙོ་བོ་ཞིག་ནི་ཕྲ་བའི་རིལ་རྡུལ་ལ་རླབས་རིལ་གཉིས་གཤིས་ལྡན། དེར་བརྟེན་དེས་བརྩི་སྲུང་བྱེད་པའི་འགུལ་སྐྱོད་ཆོས་ཉིད་ཡང་རགས་པའི་རིལ་རྡུལ་དང་རྩ་བ་ནས་མི་འདྲ། ཚད་རྡུལ་ཤུགས་རིག་པ་ཐོག་མར་དར་དུས། ནཱེ་པོར་གྱིས་ཕི་ལན་ཁི་དང་ཨིན་སི་ཐེན་སོགས་ཀྱིས་བཏོན་པའི་ཚད་རྡུལ་གྱི་དོན་སྤྱི་གཞིར་བཟུང་ནས་དུས་མགོའི་ཚད་རྡུལ་སྨྲ་བ་ཚུགས་པ་རེད། དེ་ལ་བརྟེན་ནས་མ་རྡུལ་གྱི་ངོ་བོ་ཁ་ཤས་ལ་འགྲེལ་རྒྱག་ཐུབ། ཡིན་ཡང་གཞུང་ལུགས་འདིས་གནད་དོན་ཐག་གཅོད་པར་ཚད་བཀག་རང་བཞིན་ངེས་ཅན་ཞིག་ཡོད། གཞུང་ལུགས་འདི་དེ་འདྲའི་འཐུས་ཚང་ཞིག་མིན་པས། མི་རྣམས་ཀྱི་འདོད་བློ་ཁེངས་པ་ཞིག་མ་བྱུང་། 1925ལོར་ཧེ་སེན་པེར་སོགས་ཀྱིས་དུས་མགོའི་ཚད་རྡུལ་སྨྲ་བར་དགག་པ་བརྒྱབ་ནས། ལིང་ཚེའི་ཤུགས་རིག་པ་འཕེལ་རྒྱས་བྱུང་། 1926ལོར་ཧྲོ་ཏིན་ཨེར་གྱིས་ཏི་པི་རོ་ལིའི་རླབས་རིལ་གཉིས་གཤིས་གཞིར་བཟུང་ནས་རླབས་འགུལ་ཤུགས་རིག་པ་བཙུགས་པ་རེད། ཅུང་མ་འགོར་བར་ཧྲོ་ཏིན་ཨེར་སོགས་ཀྱིས་ལིང་ཚེའི་ཤུགས་རིག་པ་དང་རླབས་འགུལ་ཤུགས་རིག་པ་གཉིས་གྲངས་རིག་པའི་སྟེང་དུ་ཁྱབ་མཉམ་ཡིན་པ་ར་སྤྲོད་བྱས། དེ་བས་གཞུང་ལུགས་རིགས་གཉིས་མཉམ་འདྲེས་བྱས་ཏེ་ཚད་རྡུལ་ཤུགས་རིག་པ་བྱུང་། རྗེས་སུ་ཡང་ཏི་རཱ་ཁི་སོགས་ཀྱིས་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་སུ་བཏང་བས། ཚད་རྡུལ་ཤུགས་རིག་པ་དེ་གཞུང་ལུགས་སྟེང་གཟབ་ནན་ཡིན་ལ། ཐབས་ཀྱི་སྟེང་ཆ་ཚང་པའི་གཞུང་ལུགས་གསར་བ་ཞིག་ཏུ་གྲུབ།

ཚད་རྡུལ་ཤུགས་རིག་པ་དང་གསུང་རབ་ཤུགས་རིག་པར་རྩ་བའི་ཆ་ནས་ཁྱད་པར་ལྡན། ཚད་རྡུལ་ཤུགས་རིག་པའི་ནང་དུ། རིལ་རྡུལ་གྱི་རྣམ་པ་དེ་རླབས་རྟེན་འབྱུང་གྲངསψ(r,t)ལས་བརྗོད་པ་ཡིན། དེ་ནི་གནས་ཚད r དང་དུས་ཚོད t ཡི་ཚོ་གྲངས་རྟེན་འབྱུང་གྲངས་ཡིན། རླབས་རྟེན་འབྱུང་གྲངས་ཀྱི་སྨོ་ཡི་རང་སྒྱུར|ψ(r),t)|2གྱིས་དུས་ཚོད t ནང་གནས་ཚད r ཡི་སར་རིལ་རྡུལ་རྙེད་པའི་སྲིད་ཕྱོད་སྟུག་ཚད་མཚོན་པ་ཡིན། རིལ་རྡུལ་གྱི་འགྲོས་ཚད་དེ་འདྲ་མི་ཆེ་བའི་ལྟོས་བཅས་སྨྲ་བ་མིན་པའི་གནས་ཚུལ་འོག་ཏུ། རིལ་རྡུལ་གྱི་རྣམ་པ་དུས་ཚོད་འགྱུར་བའི་ཆོས་ཉིད་དང་བསྟུན་པ་ཡིན། དེའང་རླབས་རྟེན་འབྱུང་གྲངས་ལ་ཚིམ་པའི་འགུལ་སྐྱོད་མཉམ་བྱ་ནི་ཧྲོ་ཏིན་ཨེར་མཉམ་བྱ་ཡིན། རིལ་རྡུལ་གྱི་འགྲོས་ཚད་ཧ་ཅང་ཆེ་བའི་ལྟོས་བཅས་སྨྲ་བའི་གནས་ཚུལ་འོག ཧྲོ་ཏིན་ཨེར་མཉམ་བྱ་ནི་ཏི་རཱ་ཁི་མཉམ་བྱའམ་ཡང་ན་ཁི་ལེན-ཀོར་ཏོན་མཉམ་བྱས་ཚབ་བྱེད་པ་ཡིན།

པོར་གྱི་ཆིང་མ་རྡུལ་ནུས་རིམ་གྱི་དོན་སྤྱི་དེ་ཚད་རྡུལ་ཤུགས་རིག་པ་བེད་སྤྱད་ནས་་རིགས་འདེད་ཐུབ། དེ་བས་གང་འདོད་ཀྱི་ཆ་འཇོག་ཅིག་མིན། དེ་ལྟར་ཡིན་པ་མ་ཟད། ཚད་རྡུལ་ཤུགས་རིག་པ་དེ་མ་རྡུལ་དང་། ཆ་རྡུལ། མཁྲེགས་གཟུགས་དང་ཕྲ་མཐོང་རིལ་རྡུལ་སོགས་ཀྱི་གདོང་གཏུག་སོགས་གནད་དོན་མང་པོའི་སྟེང་དུ་ཚང་མ་དངོས་བཤེར་དང་ཧ་ཅང་འཚམ་པའི་མཐའ་འབྲས་ཐོབ་ཡོད་ལ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

ཚད་རྡུལ་ཤུགས་རིག་པ་རྗེས་ནས་ཡང་འཕེལ་རྒྱས་བྱུང་ཡོད། ནུས་མཐོའི་གནས་ཚུལ་འོག རིལ་རྡུལ་གྱི་འཕོ་འགྱུར་ནི་ཡོངས་ཁྱབ་སྣང་ཚུལ་ཞིག་ཡིན། རིལ་རྡུལ་ཚང་མ༼འོད་རྡུལ་དང་། གློག་རྡུལ། མ་ནིང་རྡུལ། ཉིང་རྡུལ་སོགས༽ངེས་པར་ཐུན་མོང་གི་བྱེད་ལུགས་བཀོལ་ནས་ཐག་གཅོད་བྱེད་དགོས། འདི་ལྟར་ད་གཟོད་རིལ་རྡུལ་སྐྱེ་བ་དང་འཇིག་པ། འཕོ་འགྱུར་སོགས་གཞུང་ལུགས་ནང་དུ་མཚོན་ཐུབ་པ་ཡིན། དགོས་མཁོ་འདི་རིགས་ཀྱི་ཆེད་དུ། ཚད་རྡུལ་ཤུགས་རིག་པའི་རྨང་གཞིའི་སྟེང་ཚད་རྡུལ་ར་བ་སྨྲ་བ་བྱུང་། ཚད་རྡུལ་ར་བ་སྨྲ་བ་ཟེར་ཡ་དེ་རིལ་རྡུལ་དངོས་ལུགས། བསྡོམས་རྩིས་དངོས་ལུགས། དཀག་འདུས་རྣམ་པའི་གཞུང་ལུགས་དང་ཉིང་གཞུང་ལུགས་སོགས་གཞུང་ལུགས་མང་བོའི་ལག་ཆ་གལ་ཆེན་ཞིག་ཡིན།

དཔྱད་གཞི།[རྩོམ་སྒྲིག]

ཉིན་ཧྲིལ་བོའི་ལུགས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་དེབ་༼དངོས་ལུགས༽དེབ་གསུམ་པ། 2007ལོའི་ཟླ3པའི་དཔར་ལས་དྲངས་ལ། བཟོ་བཅོས་ཕྲན་བུ་གནང་ཡོད།