ཚད་མ་གསུམ་

ཡོང་ཁུངས་Wikipedia

འཕགས་བོད་ཆོས་འབྱུང་། ཡལ་འདབ་གསུམ་པ་ལས། རྙིང་མའི་སྐོར། བེ་རི་འཇིགས་མེད།

(༢) སྔ་འགྱུར་རྙིང་མ་པ་ཇི་ལྟར་བྱུང་ཚུལ།

༡ སྔར་འགྱུར་རྙིང་མའི་བྱུང་རིམ་སྤྱི་བཤད། རང་རེ་ཁ་བ་གངས་ཅན་ལྗོངས་འདིར་བཙན་པོ་ཉེར་བདུན་པའི་བར་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་མ་དར་ཞིང་། བོད་ཀྱི་བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ལི་ཡུལ་གྱི་དགེ་ཚུལ་གྱིས་མདོ་སྡེ་ཟ་མ་ཏོག །སྤང་སྐོང་ཕྱག་རྒྱ་སོགས་བསྣམས་ནས་བཙན་པོ་ལ་ཕུལ་ཡང་བརྡ་མ་འཕྲོད་པས་མཆོད་གཤོམ་དུ་བཞུགས་སུ་གསོལ་ཏེ་གཉན་པོ་གསང་བ་བཏགས། འདི་ནས་བཟུང་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཤད།མདོ་ལས། ངའི་བསྟན་པའི་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱ་བ་དེར། ངའི་དགུང་ལོ་བརྒྱད་པའི་སྐུ་ཚད་དང་། དགུང་ལོ་བཅུ་གཉིས་པའི་སྐུ་ཚད་གཉིས་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཁྱོད་ཀྱི་གདུལ་བྱར་འགྱུར་བས། དེར་སྐྱེས་པའི་སེམས་ཅན་རྣམས་དུག་ལྔ་རགས་པས་འདུལ་དཀའ་བར་འགྱུར་བས། ཁྱོད་ཀྱིས་ཐབས་སྣ་ཚོགས་ཀྱིས་ཐུལ་ཅིག ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་ལུང་བསྟན་པར་བཤད་དེ། མ་ཎི་བཀའ་འབུམ་ལས། རི་བོ་པོ་ཏུ་ལ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེར་བྱོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་སོ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱ་བ་དེར་དེ་བཞིན་གཤེགས་པའི་ཞབས་ཀྱིས་མ་བཅགས། གསུང་གིས་ཀྱང་མ་བསྐྱང་ན། འདི་རྣམས་ཀྱི་དོན་དུ་བཞུགས་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ངའི་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ཡིན་ལ། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང་འདུས་བྱས་མི་རྟག་པར་བསྟན་པའི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་ནོ། ངའི་བསྟན་པའི་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་ཞེས་བྱ་བ་དེར་ངའི་དགུང་ལོ་བརྒྱད་པའི་སྐུ་ཚད་དང་། དགུང་ལོ་བཅུ་གཉིས་པའི་སྐུ་ཚད་གཉིས་དང་། བྱང་ཆུབ་སེམས་པ་སྤྱན་རས་གཟིགས་ཁྱོད་ཀྱི་འདུལ་བྱར་འགྱུར་བས། དེར་སྐྱེས་པའི་སེམས་ཅན་རྣམས་དུག་ལྔ་རགས་པས་འདུལ་དཀའ་བར་འགྱུར་བས་ཁྱོད་ཀྱིས་ཐབས་སྣ་ཚོགས་ཀྱིས་ཐུལ་ཅིག་ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་ཞིང་དུ་ལུང་བསྟན་པ་དང་། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ས་ལའི་ནགས་ཀྱི་མཚོ་འབྲི་ནས། །ཞེས་སོགས་འབྱུང་བའི་དུས་དང་། དེ་བཞིན་གཤེགས་པའི་བསྟན་འདི་ལ། ། རྣམ་པ་སྣ་ཚོགས་བྱ་བ་བྱེད། ། བྱང་གི་ཕྱོགས་ལ་བསྟན་འདི་ཉིད། ། འདི་ཡི་ཚེ་ན་འབྱུང་བར་འགྱུར། ། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། ། གངས་ཅན་རི་ཡི་ནང་གནས་པའི། ། རྒྱལ་པོ་མི་ཡི་ལྷ་ཞེས་པ། ། ལི་ཚཱ་བྱི་རྣམས་རིགས་སུ་འབྱུང་། ། ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་འབྱུང་བར་ལུང་བསྟན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་། ཤུ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པ་འདས་ནས་ཀྱང་དམ་པའི་ཆོས་འཇིག་པའི་ཚེ་ཆོས་འདུལ་བ་སྙིང་པོ་གསར་པ་ཐོབ་པ་ན། ལྷོ་ཕྱོགས་སུ་རྒྱས་པར་འགྱུར་རོ། །ལྷོ་ཕྱོགས་ནས་ཀྱང་བར་ཏུ་ནིར་འབྱུང་བར་འགྱུར་རོ། །བར་ཏུ་ནས་ཀྱང་བྱང་ཕྱོགས་སུ་འབྱུང་ཏེ། ཞེས་པ་དང་། ཡང་ཤུ་རིའི་བུས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་བུར་ཟབ་མོ་འདི་ཡང་ཕྱི་མའི་དུས་ཕྱི་མའི་ཚེ་ལ། བྱང་གི་ཡུལ་དང་། བྱང་གི་ཕྱོགས་ཀྱི་ཆར་རྒྱས་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཤུ་རིའི་བུ་དེ་ལ་བྱང་གི་ཡུལ་དང་། བྱང་གི་ཕྱོགས་ཀྱི་ཆ་དེར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་རྒྱས་པར་འགྱུར་རོ། ། ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་གིས་ཟིན་པ་ལྟར། བཙན་པོ་སྲོང་གཙན་སྒམ་པོའི་སྐུ་རིང་ལ། འཇམ་མགོན་སྤྲུལ་པ་ཐོན་མི་སམ་བྷ་ཊས་བོད་ཀྱི་ཡི་གེ་ད་ལྟར་སྤྱོད་བཞིན་པ་འདི་ཉིད་གསར་བཟོའི་ཐོག་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བོད་སྐད་དུ་བསྒྱུར་བ་ནས། བཙན་པོས་ཀྱང་སྤྱན་རས་གཟིགས་ཡི་དམ་དུ་བསྟེན་ཞིང་སྙིང་པོ་ཡི་གེ་དྲུག་པ་རྒྱུན་དུ་བགྲངས། རིམ་གྱིས་བོད་འབངས་ཡོངས་ཀྱིས་ཡིག་དྲུག་བགྲངས་པའི་སྲོལ་རྒྱུན་ཆགས་ཏེ། དེང་སང་གི་བར་དུ་བོད་རྩམ་གཟན་པ་ཞིག་ཡིན་ཕྱིན་ཆད་ནས་མ་བསླབ་རང་ཤེས་སུ་བྱུང་བ་འདི་བཞིན་ལགས་ཤིང་། གཞན་ཡང་སྤང་སྐོང་ཕྱག་རྒྱ་དང༌། མདོ་སྡེ་ཟ་མ་ཏོག་སོགས་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐབས་སུ་མཆོད་རྟེན་དུ་བཞུགས་པར་གཉན་པོ་གསང་བ་ཞེས་བཏགས་པའི་གླེགས་བམ་རྣམས་བོད་སྐད་དུ་བསྒྱུར། ལེགས་སྦྱར་གྱི་གཞུང་བོད་སྐད་དུ་བསྒྱུར་བ་ཡང་གོང་དུ་བགྲངས་པའི་གླེགས་བམ་དེ་དག་ཡིན་ལ། སྒྱུར་མཁན་གྱི་ལོ་ཙཱ་བའི་ཐོག་མ་ནི་ཐོན་མི་ཡིན་ཞིང་། རྗེ་བློན་འདི་དག་གི་རིང་བོད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་གསར་དུ་བཏོད་པ་ཡིན་ནོ། ། དེ་ནས་རིམ་པ་བཞིན་བརྒྱུད་དེ་ཆོས་རྒྱལ་མེས་དབོན་གཉིས་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཀུན་མཁྱེན་ཞི་བ་འཚོ་གདན་དྲངས་ནས་སད་མི་མི་བདུན་སོགས་རབ་ཏུ་བྱུང༌། རབ་བྱུང་ངུར་སྨྲིག་འཆང་བའི་སྡེ་བཙུགས། གུ་རུ་པདྨསམ་བྷཝ་གདན་དྲངས་ནས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ཏེ་བཀའ་སྲུང་བསྐུལ། ཐེག་པ་རིམ་པ་དགུའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། རྗེ་འབངས་ཉེར་ལྔ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་མ་མང་དུ་བསྐྲུན། གོས་དཀར་ལྕང་ལོ་འཆང་བའི་སྡེ་བཙུགས། སྔ་འགྱུར་རྙིང་མ་པའི་བསྟན་པའི་སྲོལ་རྒྱ་ཆེར་ཕྱེས། བསམ་ཡས་སོགས་ལྷ་ཁང་དུ་མ་བཞེངས། བཻ་རོ་ལོ་ཙཱ་བ་སོགས་ཀྱིས་སྔ་འགྱུར་རྙིང་མའི་ཆོས་སྐོར་གཙོས་མདོ་རྒྱུད་གསུང་རབ་དུ་མ་བོད་སྐད་དུ་བསྒྱུར། སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱས། འདིར་གསར་རྙིང་གི་ཁྱད་པར་ནི་སྔགས་རྒྱུད་སྡེའི་འགྱུར་སྔ་ཕྱི་ལ་བརྟེན་ནས་འཇོག་གི་མདོ་ཕྱོགས་ནས་མིན་ལ། དེ་ཡང་བོད་ཀྱི་ལོ་ཙཱའི་ཐོག་མ་ཐོན་མི་ནས་པཎྜི་ཏ་སྨྲི་ཏི་བྱོན་པའི་བར་དུ་བསྒྱུར་པའི་སྔགས་གཞུང་རྣམས་སྔགས་རྙིང་མ་དང་། དེ་ཉིད་ལ་འཆད་ཉན་གནང་མཁན་ཚོར་སྔ་འགྱུར་རྙིང་མ་པ་ཞེས་བྱ་ཞིང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཚུན་ཆད་ནས་བརྒྱུད་པའི་རྒྱུད་སྡེ་རྣམས་སྔགས་གསར་མ་དང་། དེ་དག་ལ་འཆད་ཉན་གནང་མཁན་ཚོར་གསང་སྔགས་གསར་མ་བ་ཞེས་འདོགས་པ་ཡིན། དུས་ཕྱིས་གསར་མ་ཟེར་དུས་ཧ་ལམ་དགེ་ལྡན་པ་ཁོ་ནར་གོ་བ་ལྟ་བུར་གྱུར་པ་ནི་དགེ་ལྡན་རིང་ལུགས་འཛིན་མཁན་མང་བས་སྒེར་མིང་འདྲ་བ་ཞིག་ཆགས་ན་མ་གཏོགས་དོན་དངོས་ལ་ས་དགེ་བཀའ་འབྲུག བོ་དོང་། ཇོ་ནང་། བུ་ལུགས་བཅས་པ་གསར་མ་པ་ཡིན་པ་ལ་ཁྱད་པར་མེད་དོ། །ཞེས་པ་ཡང་འཕྲོས་གླེང་ཙམ་སྟེ། བཙན་པོ་འདིའི་སྐུ་རིང་ལ་འཕགས་ཡུལ་ནས་པཎྜིཏ་ཆེན་བི་ལ་མི་ཏྲ་དང་། སངས་རྒྱས་གསང་པ། སྔགས་འཆང་དྷ་རྨ་ཀི་རྟི་སོགས་ཀྱང་སྤྱན་དྲངས་ཏེ་གསང་སྔགས་སྙིང་པོའི་སྒྲུབ་རྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སློབ་དཔོན་ཆེན་པོས་ཟབ་ཆོས་དུ་མ་དང་། མ་འོངས་པའི་ལུང་བསྟན་དུ་མ་རི་བྲག་མཚོ་སོགས་སུ་གཏེར་དུ་སྦས། རང་གི་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་གཏེར་སྟོན་རིམ་བྱོན་གྱི་ལུང་བསྟན་ནས་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་ཏེ་འགྲོ་དོན་མཛད། དེ་ཡང་སློབ་དཔོན་པདྨའབྱུང་གནས་ནི། རྒྱ་གར་ཨུ་རྒྱན་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་ཨིབྷབོ་དྷིས་སྤྱན་དྲངས་ཏེ་པདྨའབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ཕྱིས་ཟ་ཧོར་གྱི་ཡུལ་དུ་བྱོན་ནས་སློབ་དཔོན་པྲ་བྷཧསྟི་ལས་རབ་ཏུ་བྱུང་སྟེ་མཚན་ཤུཀྱ་སེང་གེར་གྲགས། དེ་རྗེས་འཚོ་བྱེད་གཞོན་ནུ་ལས་སྨན་དང༌། པཎྜི་ཏ་ཀུན་གྱི་བཤེས་གཉེན་ལས་སྒྲ། བི་ཤྭ་ཀརྨ་ལས་བཟོ། །གཞན་ཡང་ཚད་མ་རིག་པ་ལ་སོགས་པ་སྦྱངས་བརྩོན་གྱིས་མཁས་པའི་ཕུལ་དུ་ཕྱིན། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། ནུ་གུརྫུ་ན། ཧཾ་ཀ་ར། དྷ་ན་སང་ཀྲི། ཤྲི་སིདྷ་སོགས་ལས་འཇམ་དཔལ་ཆོས་སྐོར་དང༌། རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་རྒྱུད་རྒྱ་མཚོའི་གནས་ལ་གསན་བསམ་གྱི་ཕ་རོལ་དུ་ཕྱིན་པས་མཚན་ཡང་བློ་ལྡན་མཆོག་སྲེད་ཅེས་གྲགས། དེ་བཞིན་པདྨསམ་བྷདང༌། པདྨཐོད་ཕྲེང༌། སེངྒེ་སྒྲ་སྒྲོགས་སོགས་མཛད་པ་རེ་ལ་མཚན་རེ་བྱུང་ནས་མཚན་གྱི་རྣམ་གྲངས་མང་དུ་བྱུང༌། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་བོད་དུ་ཕེབས་པའི་ལོ་ཚིགས་ཐད་བཤད་སྲོལ་མི་འདྲ་བ་ཤིནཏུ་མང་པ་ལྟར་མཁན་པོ་བོ་དྷི་ས་ཏྭ་དང་ལྷན་དུ་མང་ཡུལ་དུ་ཕེབས། དེ་ནས་རིམ་གྱིས་བྱོན་པའི་ལམ་བར་དུ་བོད་ཀྱི་ལྷ་ཀླུ་གདུག་པ་ཅན་རྣམས་སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་བཏུལ་ཏེ་བཀའ་བསྒོ་དམ་འདོགས་གནང་བར་གྲགས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། འཕགས་ཡུལ་ནས་པཎ་ཆེན་བི་མ་མི་ཏྲ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་གདན་དྲངས། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ཡེ་ཤེས་མཚོ་རྒྱལ་སོགས་ལ་བཀའ་བརྒྱད་དང་། རྡོ་རྗེ་ཕུར་བ། མན་ངག་ལྟ་ཕྲེང་སོགས་གསང་སྔགས་ཀྱི་ཆོས་ཀྱིས་སྨིན་པར་མཛད། རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཤད་གྲྭ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་གྲྭ་བཙུགས། གསང་སྔགས་རྙིང་མའི་ཟབ་ཆོས་རྣམས་གཙོ་བོར་སློབ་དཔོན་པདྨི་སྐུ་དུས་ནས་བྱུང༌། རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོའི་སྡེ་ཞེས་དགེ་འདུན་གྱི་སྡེ་གཉིས་དར་རྒྱས་སུ་བཏང་བ་སོགས། ཕྱག་རྗེས་འགྲན་ཟླ་དང་བྲལ་བར་མཛད། མཐར་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་རྩལ་ཞེས་གྲགས། གཞན་ཡང་འདི་ཉིད་བོད་དུ་ལོ་གསུམ་མམ་དྲུག བཅུ་གཉིས། ཟླ་བ་བཅོ་བརྒྱད་ལ་བཞུགས་པ་སོགས་གསུངས་ཚུལ་མི་འདྲ་བ་མང་དུ་མཆིས། རྒྱལ་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་། བློན་པོ་བཀའ་ཐང་། ལོ་པཎ་བཀའ་ཐང་། ལྷ་འདྲེ་བཀའ་ཐང་བཅས་་བཀའ་ཐང་སྡེ་ལྔ་དང༌། བདུད་རྩི་བུམ་པ་ཆེ་ཆུང༌། སྲུང་བ་རྡོ་རྗེ་ཁྲབ་རིང་སོགས་ལོ་རྒྱུས་དང་གསོ་རིག་གི་གཞུང་ཡང་མང་པོ་མཛད་པར་གྲགས། དམ་པ་འདིའི་རྣམ་པར་ཐར་པ་རྒྱས་པར་ཤེས་འདོད་ན་ཀློང་ཆེན་ཆོས་འབྱུང་དང་། རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་གུ་རུའི་རྣམ་ཐར་སོགས་སུ་གཟིགས་དགོས།

༢ རྙིང་མའི་ཐེག་པ་རིམ་དགུ། སྔ་འགྱུར་རྙིང་མ་པའི་ཐེག་པ་རིམ་དགུ་ནི། ཉན་རང་བྱང་སེམས་ཏེ་སྤྲུལ་སྐུ་ཤུཀྱ་ཐུབ་པས་གསུང་པའི་ཐུན་མོང་གི་ཐེག་པ་གསུམ། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་དཔས་གསུང་བའི་གསང་སྔགས་ཕྱི་ཡི་ཐེག་པ་གསུམ། བསྐྱེད་པ་མ་ཧ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་ནང་གི་ཐེག་བ་བླ་མེད་གསུམ་སྟེ་བསྡོམ་པས་དགུར་བཞེད་དོ། དེ་དག་ལས་ཐེག་པ་རིམ་པ་དགུ་པ་དམ་ཆོས་རྫོགས་པ་ཆེན་པོའི་ཐེག་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། ས་མཐོན་པོ་ལ་གནས་པའི་གདུལ་བྱ་རྣམས་ལ་འབད་མེད་ལྷུན་གྲུབ་ཏུ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་དུས་བཞིར་དུས་མེད་དུ་སྟོན་པར་བྱེད་ཅིང་། འདིའི་ཆོས་ཀྱི་རྣམ་གྲངས་ནི་ནམ་མཁའི་མཐའ་དང་མཉམ་པས་ཚད་གཟུང་དུ་མེད་པ་ལས། ཆ་ཤས་ཉུང་ངུ་ཙམ་ཞིག་མི་མཇེད་འཛམ་བུ་གླིང་འདིར་སློབ་དཔོན་དགའ་རབ་རྡོ་རྗེ་དང་། ཤྲི་སིདྷོ། ཛྙན་སཱུ་ཏྲ། བཱི་མ་ལ། པདྨཀ་ར་སོགས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་རྣམས་ཀྱིས་ཐོས་པ་ལྟeར་གསལ་བར་མཛད་པ་བཞེད། ཐེག་པ་རིམ་དགུ་ལས་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་ན། བསྐྱེད་པ་མ་ཧ་ཡོ་ག་ལ་རྒྱུད་སྡེའི་སྐོར་དང་། སྒྲུབ་སྡེའི་སྐོར་གཉིས་ལས། དང་པོ་ནི་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་སྐོར་སྒྱུ་འཕྲུལ་སྡེ་བརྒྱད་རྣམས་པཎྜི་བི་མ་ལ་མི་ཏྲ་ལས་རྨ་ལོ་ཙཱ་བ་རིན་ཆེན་མཆོག་ལ་བཤད་ཅིང་བསྒྱུར། རྨ་ལོ་ཆེན་པོ་ནས་གཙུག་རིན་གཞོན་དང༌། ཀྱེ་རེ་མཆོག་སྐྱོང་ལ་བརྒྱུད། དེ་གཉིས་ལས་ཞང་རྒྱལ་བའི་ཡོན་ཏན་དང་དཔལ་གྲགས་ཟུང་ལ་བརྒྱུད། དེ་གཉིས་ཀྱིས་མདོ་དབུས་གཉིས་ཀར་རྒྱུད་པ་སྤེལ། ཡང་སློབ་དཔོན་པདྨ་གཉགས་ལ་གསུངས་ནས་དེ་ལས་སོག་པོ་དཔལ་ཡེ་སོགས་བ་རྒྱུད་ནས་དར། གཉིས་པ་སྒྲུབ་སྡེའི་སྐོར་ནི་གཤེད་སྐོར་རྣམས་སློབ་དཔོན་ཤུན་ཏི་གསྐྲརྟ-ས་བོད་དུ་དར་བར་མཛད། བདུད་རྩིའི་སྐོར་པཎ་ཆེན་བི་ལ་མི་ཏྲ་ནས་གཉགས་སོགས་ལ་གསུངས་ནས་དར་བར་མཛད་པ་ལས། གཞན་རྣམས་སློབ་དཔོན་པདྨཁོ་ནས་དར་བར་མཛད་དོ། །འདི་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྗེ་འབངས་ཉེར་ལྔ་ནི་ཡོངས་སུ་གྲགས་པས་སླར་བགྲང་པར་མི་བྱ་ཞིང་། དེ་ལས་གཞན་པའི་ཡ་མཚན་ཅན་གྱི་གྲུབ་ཐོབ་འགའ་ཞིག་བགྲང་བར་འདོད་དེ། ཟ་ཧོར་གྱི་བཙུན་མོ་མ}[་ར་བས་འཆི་མེད་ཚེ་དང་། རྫུ་འཕྲུལ། མཐུ། བླ་མེད་མཆོག་གི་དངོས་གྲུབ་བརྙེས། མཁར་ཆེན་བཟའ་མཚོ་རྒྱལ་ལས། རྡོ་རྗེའི་ཚེ་དང་། མི་བརྗེད་པའི་གཟུངས། རྫུ་འཕྲུལ། མཐུ། མཁའ་སྤྱོད་གནས། བདེ་ཆེན་མཆོག་གི་དངོས་གྲུབ་རྣམས་གྲུབ། ཚེ་ནམ་བཟའ་སངས་རྒྱས་མཚོ་འོད་ལུས་སུ་ཡལ། ཤེལ་དཀར་རྡོ་རྗེ་མཚོས་ཆུ་བོ་ཐང་ལྟར་བརྒལ། ཚོམ་བུ་བཟའ་པདྨམཚོས་རླུང་སེམས་ལྷ་སྐུར་སྨིན། མལ་གོང་བཟའ་རིན་ཆེན་མཚོས་དར་གོས་ཉི་ཟེར་ལ་བཀལ། རུས་བཟའ་དོན་འགྲུབ་མས་ལྟ་སྟངས་ཙམ་གྱིས་བསྟན་མ་བཅུ་གཉིས་བྲན་དུ་བཀོལ། ཤུད་བུ་བཟའ་ཤེས་རབ་མས་བཀའ་བསྟན་ཐམས་ཅད་མ་བསླབས་པར་ཤེས། ཡར་འབྲོག་བཟའ་ཆོས་ཀྱི་སྒྲོན་མེས་ཆོས་གསུང་དུས་ནམ་མཁའི་ལྷས་ལེགས་སོ་སྦྱིན། འོ་ལྕེ་བཟའ་སྐར་རྒྱལ་མས་ཆོས་ཀྱི་དོགས་འདྲི་ཡི་དམ་ལྷ་ལ་བྱེད། འཛེམ་བཟའ་ལྷ་དབྱངས་མས་གཞན་སེམས་མངོན་སུམ་དུ་མཁྱེན། ཅོག་རོ་བཟའ་བྱང་སྨན་གྱིས་ལུས་མེ་དང་ཆུར་སྤྲུལ་ནུས། འབྲོམ་བཟའ་སྤམ་ཏི་ཆེན་མོ་མཁའ་ལ་བྱ་ལྟར་འཕུར། རོང་སྨན་བཟའ་ཚུལ་ཁྲིམས་སྒྲོན་གྱིས་རྡོ་བ་ཟན་ལྟར་གསོལ། ཁུ་བཟའ་དཔལ་བཙུན་མས་བསྙེན་ཕུར་གཡོ་འགུལ་བྱེད། ཕྲུམ་བཟའ་ཤེལ་སྨན་གྱིས་མེ་ཏོག་ནམ་མཁའ་ལ་འཇོག་པ་སོགས། མདོར་ན་འཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་རྟོགས་ལྡན་ལྔ་བཅུ་ང་ལྔ། ཤེལ་བྲག་སྔགས་པ་སུམ་ཅུ། འཇའ་ལུས་གྲུབ་པའི་མཁའ་འགྲོ་ཉེར་ལྔ་སོགས་གྲུབ་པའི་གོ་འཕང་ཐོབ་པའི་སྐྱེས་ཆེན་གྲངས་ལས་འདས་པ་བྱུང༌། གཉིས་པ་ཨ་ནུ་ཡོ་གའི་སྐོར་ཀྱི་རྒྱུད་པ་ནི་དྷརྨ་བོ་དྷི་དང༌། བསུ་དྷ་ར་དང་། བྲུ་ཤ་ཆེ་བཙན་སྐྱེས་གསུམ་གྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བརྒྱུད་དེ་བོད་དུ་དར་བར་བྱས། གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ལ། སེམས་སྡེ། ཀློང་སྡེ། མན་ངག་སྡེ། གསུམ་ཕྱེས་པའི་སེམས་ཀློང་གི་སྡེ་གཉིས་ནི། སློབ་དཔོན་དཔལ་གྱི་སེང་གེ་དང༌། དགའ་རབ་རྡོ་རྗེ་གཉིས་ཀྱིས་བཻ་རོ་ལོ་ཙཱ་ལ་གསུངས། དེས་རྐང་མགྱོགས་ཀྱི་འཕྲུལ་ལ་བརྟེན་ནས་བོད་དུ་ཕེབས། ཉིན་མོར་རྒྱུ་འབྲས་ཐུན་མོང་བའི་ཆོས་གསུངས། མཚན་མོར་རྫོགས་པ་ཆེན་པོའི་ཆོས་བཀའ་རྣམས་གདུལ་བྱ་སྣོད་ལྡན་དག་ལ་ལྐོག་ཆོས་སུ་གསུངས། སེམས་སྡེ་ལྔS་འགྱུར་ལྔ་བོད་སྐད་དུ་བསྒྱུར། འདིའི་སློབ་མའི་གཙོ་བོ་གཡུ་སྒྲ་སྙིང་པོ་སོགས་ལ་གསུངས་པས་མདོ་ཁམས་ཕྱོགས་སུ་དར། དབུས་སུ་གཉགས་ཛྙཱ་ན་ཀུ་མ་ར་དང་། དེ་ནས་སོག་པོ་དཔལ་ཡོན། གྲ་དཔལ་སྙིང་པོ། ལྷ་ལུང་དཔལ་རྡོ། (འདི་ལྷ་སྲས་དར་མ་དགྲོང་མཁན་གྱི་ལྷ་ལུང་དཔལ་རྡོ་དང་ཐ་དད་ཡིན་)འོ་བྲན་དཔལ་གྱི་གཞོན་ནུ་སོགས་ལས་རིམ་པར་བརྒྱུད། མན་ངག་སྡེའི་སྐོར་ལ་སློབ་དཔོན་པདྨི་བཀའ་སྲོལ་དང་། པཎྜི་ཆེན་པོ་བི་མ་ལ་མི་ཏྲའི་བཀའ་སྲོལ་གཉིས་ལས། དང་པོ་སློབ་དཔོན་ཆེན་པོའི་བཀའ་སྲོལ་ནི། སློབ་དཔོན་རང་གིས་མཛད་པའི་སྙིང་ཏིག་གཞོ་སྟོད་ཏི་སྒྲོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཆོས་སུ་གསུངས། དེས་བོད་ཀྱི་བཙན་པོའི་སྲས་མོ་ལྷ་ལྕམ་པདྨགསལ་ལོ་བརྒྱད་ལོན་པའི་སྐབས་ཚེ་ཡི་དུས་བྱས་པར་ལྷ་ལྕམ་གྱི་སྙིང་ཁར་མཚལ་གྱི་ཎི་ཡིག་བྲིས། ཏིང་ངེ་འཛིན་གྱི་ལྕགས་ཀྱུ་རྣོན་པོས་རྣམ་ཤེས་བཀུག གསོན་པོར་གྱུར་ཏེ་མིག་གི་ལྟ་ཞིང་སྨྲ་ཤེས་པར་གྱུར། དེ་ལ་མན་ངག་མཁའ་འགྲོའི་སྙིང་ཏིག་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གདམས་ནས་སྐྱེ་བ་ཕྱི་མའི་ཆོས་སྐལ་དུ་དབང་བསྐུར། མན་ངག་ཟབ་མོའི་སྐོར་འདི་དག་གཏེར་དུ་སྦས། དུས་ཕྱིས་པདྨལས་འབྲེལ་རྩལ་གྱིས་གཏེར་ལས་བཏོན་ཏེ་མཁའ་འགྲོའི་སྙིང་ཏིག་ཏུ་གྲགས་པ་རྒྱལ་བ་ཀློང་ཆེན་རབ་བྱམས་པ་ལ་བརྒྱུད། འདི་ནི་རབ་བྱུང་ལྔ་པའི་ས་སྤྲེལ་(༡༣༠༨)ལོར་གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་རོག་གི་རིགས་ལས་ཆད་པའི་ཡབ་བསྟན་པ་སྲུང་དང༌། ཡུམ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ནས་ཡི་གེའི་འབྲི་ཀློག་མཁྱེན་ཅིང་སྨན་རྩིས་རྣམས་ཀྱང་ཐུགས་སུ་ཆུད། དགུང་ལོ་དགུ་པར་ཉི་ཁྲི་དང་བརྒྱད་སྟོངབཏོན་པས་ཐུགས་ལ་མངའ། དགུང་ལོ་བཅུ་པར་བསམ་ཡས་མཁན་པོ་བསམ་གྲུབ་རིན་ཆེན་དང༌། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་བློ་གྲོས་གསོལ། དགུང་ལོ་བཅུ་བཞི་པར་འཆད་ཉན་གྱི་བ་དན་འཛིན་ཆོག་པ་བྱུང༌། དགུང་ལོ་བཅུ་དྲུག་པར་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང༌། ཆོས་དྲུག་གཉིས། བདེ་མཆོག་དྲིལ་བུ་བ། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང་ཁྲིད་གདམས་པ་མང་དུ་གསན། སློབ་དཔོན་དབང་ཡེ། སྟོན་ཚལ། ཁྲོ་ཕུ་བ་སོགས་ལས་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྡོ་རྗེ་གུར། དུས་འཁོར། རྡོ་རྗེ་ཕྲེང་བ་སོགས་སྔགས་རྒྱུད་མང་པོ་དང༌། རིན་པོ་ཆེ་ཟ་ལུང་པ་ལས་ཞང་ཚལ་པའི་གདམས་ངག་སྐོར། རྒོད་ཚང་པའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་བཅས་ལ་གསན། དགུང་ལོ་བཅུ་དགུ་པར་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཞུགས། གླིང་སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་རྒོད་པ་དང༌། གདན་རབས་བཅུ་དྲུག་པ་བླ་བྲང་ཆོས་དཔལ་རྒྱལ་མཚན་གཉིས་ལས་བྱམས་ཆོས་སྡེ་ལྔ༌། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་བཅས་དང༌། དཔང་ལོ་བློ་གྲོས་བརྟན་པ་ལས་མདོ་ཏིང་ངེ་འཛིན། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བ་དང༌། སྒྲ། སྙན་ངག སྡེབ་སྦྱོར་སོགས་ལ་ཐོས་བསམ་མཐར་ཕྱིན་མཛད། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་སྐབས་རྩོད་ཟླ་བྲལ་ཏེ་ལུང་དང་རིགས་པའི་སྤོབས་པ་བརྙེས་པས་བསམ་ཡས་ལུང་མང་བའམ་ཀློང་ཆེན་རབ་འབྱམས་པ་ཞེས་པའི་མཚན་སྙན་ཐོབ། དགུང་ལོ་ཉེར་དགུ་པར་རིག་འཛིན་ཀུ་མ་ར་ཛ་ལས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་ངག་དང༌། རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོ་གནང་ནས་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། དགུང་ལོ་སོ་གཅིག་པར་སྙེ་ཕུའི་ཤུག་གསེབ་ཏུ་ཕེབས་ཏེ་སྙིང་ཐིག་གི་སྒོ་ནས་ཆོས་འཁོར་རྒྱ་ཆེན་བསྐོར། དགུང་ལོ་སོ་གཉིས་པར་བསམ་ཡས་མཆིམས་ཕུར་སྐལ་ལྡན་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསུངས། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ་ཕེབས་ཏེ་དགོན་གནས་བཏབ། བསོད་ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་བཅས་ལ་མདོ་རྒྱུད་དཔང་དུ་བཞག་ནས་ཟླ་བ་གཅིག་གི་བར་དུ་རྩོད་པ་མཛད་ཀྱང་ལུང་དང་རིགས་པས་ཕམ་པར་མཛད། དབུ་རུ་ཞྭའི་ལྷ་ཁང་ཞིག་གསོ་མཛད། རྡོ་རིང་ཆེན་པོ་གཉིས་འགྱེལ་བ་བསླངས། སྐུ་ཚེ་གང་བོར་དབེན་གནས་སུ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ནས་རྫོགས་ཆེན་གྲུབ་མཐའ་སྲོལ་རྒྱ་ཆེར་སྤེལ། སྔ་འགྱུར་རྙིང་མའི་ཁྲོད་ནས་ཐ་སྙད་རིག་གནས་དང་སྔགས་གསར་རྙིང་ཀུན་ལ་མཁས་པའི་ཡང་རྩེར་སོན་པ། སྡེ་དགེ་རྫ་དཔལ་སྤྲུལ་རིན་པོ་ཆེས། རིག་པའི་གནས་ལྔ་མཁས་པའི་ས་པཎ་ཆེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །ཞེས་གསུངས་པ་ལྟར་གངས་ཅན་འཇམ་དབྱངས་རྣམ་གསུམ་སྟེ་ས་པཎ་ཀུན་དགའ་རྒྱལ་མཚན་དང༌། རྒྱལ་བ་ཀློང་ཆེན་རབ་འབྱམས་པ། རྒྱལ་བ་བློ་བཟང་གྲགས་པ་ཞེས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་བསྔགས་པའི་ཡུལ་དུ་གྱུར་ཏོ། །གསུང་རྩོམ་ནི་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་ལས་འབྱུང་བ་ལྟར་ན། ཕྱིའི་གནས་ཐུན་མོང་གི་སྐོར་ལ་བསྟན་བཅོས་དགུ་བཅུ་གོ་ལྔ༌། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས་སོ། ། གཞན་ཡང་རྩ་གསུམ་སྒྲུབ་སྡེའི་སྐོར་གྱི་མན་ངག་སྙིག་ཐིག་གི་གནད་མ་འཁྲུལ་ཞིང་དོན་ཚང་བ་ཇི་སྙེད་ཅིག་གཏེར་དུ་སྦས་པ་ལས་བཏོན་པ་རྣམས་ཀྱང་སློབ་དཔོན་ཆེན་པོའི་བཀའ་སྲོལ་ལས་བརྒྱུད་པ་ཏེ་རྒྱས་པ་ནི་སྔ་འགྱུར་རྙིང་མའི་ཆོས་འབྱུང་ཁག་ཏུ་གཟིགས་པར་ཞུ། གཉིས་པ་པཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ་ནི། ཉང་ཏིང་འཛིན་བཟང་པོས་ལུང་སྟོན་ཅིང་བསྐུལ་བ་ལྟར། བཙན་པོ་ཁྲི་སྲོང་ལྡེའི་བཙན་གྱིས་ལོ་ཙཱ་བ་སྐ་ཅོག་གཉིས་འཕགས་པའི་ཡུལ་དུ་པཎ་ཆེན་བི་མ་ལ་མི་ཏྲ་གདན་འདྲེན་དུ་མངགས། པཎ་ཆེན་འདི་ཉིད་དགུང་ལོ་ཉིས་བརྒྱ་ཉེ་བར་སླེབས་ཀྱང་བོད་དུ་སྐལ་བ་མཉམ་པའི་གདུལ་བྱ་འདུལ་བའི་དུས་ལ་བབ་པ་མཁྱེན་ནས་བྱོན། སྐ་ཅོག་གཉིས་ཀྱིས་ལོ་ཙཱ་མཛད་དེ་རྒྱུ་འབྲས་ཀྱི་ཆོས་སྤྱི་དང་ལྷག་པར་གཡུ་སྒྲ་སྙིང་པོས་ལོ་ཙཱ་མཛད་ནས་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། དེའི་ནང་ནས་ཤིན་ཏུ་ཟབ་པའི་མན་ངག་སྙིང་ཐིག་ནི་བཙན་པོ་ཁྲི་སྲོང་དང་། ཉང་ཏིང་འཛིན་བཟང་པོ་གཉིས་ལ་ལྐོག་ཆོས་སུ་གསུངས། འདི་ཉིད་འཆད་པའི་སྣོད་ལྡན་གདུལ་བྱ་གཞན་མ་རྙེད་པས་རེ་ཞིག་ཟབ་ཆོས་དེ་དག་མཆིམས་ཕུའི་དགེ་གོང་དུ་སྦས། པཎ་ཆེན་འདི་ཉིད་བོད་དུ་ལོ་བཅུ་གསུམ་བཞུགས་ནས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། དེར་སྐུ་ཚེ་ལ་གཞོམ་གཞིགས་མེད་པར་བཞུགས་ཏེ་ལོ་བརྒྱ་རེར་བོད་དུ་སྤྲུལ་པའི་སྐུ་རེ་ཕེབས་པར་ཞལ་གྱིས་བཞེས། ཉང་ཏིང་འཛིན་བཟང་པོས་གདམས་པའི་དཔེ་རྣམས་ཀེའུ་ཚང་རིམ་པ་གསུམ་པའི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་ལ་གདམས་ཏེ་ལྷ་ས་བྲག་ལྷ་ཕུག་ཏུ་སྐུ་འཇའ་ལུས་སུ་གྱུར། དུས་ཕྱིས་བི་མ་ལའི་སྤྲུལ་པ་ལྡན་མ་ལྷུན་གྲུབ་རྒྱལ་མཚན་གྱིས་དམ་ཅན་རྡོ་རྗེ་ལེགས་པའི་ལུང་ལ་བརྟེན་ནས་སྔར་སྦས་པའི་གཏེར་རྣམས་བཏོན། ཉམས་རྟོགས་ཕུན་སུམ་ཚོགས་པ་བརྙེས། གདམས་པའི་མན་ངག་རྣམས་ལྕེ་བཙུན་སེང་གེ་དབང་ཕྱུག་སོགས་ལ་གནང་། དེ་བཞིན་སྤྲུལ་པའི་སྐུ་ཞིང་སྟོན་པ། སློབ་མ་སྲས་ཉིས་འབུམ་གུ་རུ་ཇོ་འབེར། འཕྲུལ་ཞིག་སེང་གེ་རྒྱལ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀརྨ་པ་རང་བྱུང་རྡོ་རྗེ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ་བཅས་ལ་གདམས་པའི་མན་ངག་རྣམས་མཁའ་འགྲོའི་ཞལ་རླངས་མ་ཡལ་བར་བརྒྱུད་པ་ཡིན་ནོ།།

༣ རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཡང་སྔ་འགྱུར་རྙིང་མའི་བསྟན་པ་འདི་ཉིད་ལ་རིང་བརྒྱུད་བཀའ་མ་དང་ཉེར་བརྒྱུད་གཏེར་མ་གཉིས་ཡོད་པ་ལས། དང་པོ་རིང་བརྒྱུད་བཀའ་ཡི་ཆུ་བོ་མ་ཉམས་པར་མདོ་སྒྱུ་སེམས་གསུམ་ཐུན་མོང་གི་བསྟན་པའི་བརྒྱུད་པ་ཇི་ལྟར་བྱུང་ཚུལ་ནི། སྔ་འགྱུར་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མར་ཟུར་ལ་བབ་པ་བཤད་དེ། དང་པོ་ནི། གཉགས་ལོ་ཙཱ་བ་ཆེན་པོ་འདི་ཉིད་སྒྲ་ཚད་གཉིས་དང་སྔགས་ཕྱི་ནང་ཀུན་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་ཞིང་། མདོ་སྔགས་ཀྱི་གཞུང་དུ་མ་བོད་སྐད་དུ་བསྒྱུར། སློབ་དཔོན་པདྨདང་། པཎ་ཆེན་བི་མ་ལ་མི་ཏྲ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ་སོགས་ལ་བརྟེེན་ནས། དཀྱུས་བཤད་གཞུང་གི་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་འཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་འཕྲིན་ལས་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་གདམས་པའི་ཆུ་བོ་བཞི་འདུས་སུ་གྱུར། གཙོ་བོར་ཕུར་པ་ལ་བརྟེན་ནས་གྲུབ་པའི་གོ་འཕང་བརྙེས། རྫུ་འཕྲུལ་དང་མངོན་སྤྱོད་ཀྱི་མཐུ་ལ་བརྟེན་ནས་མི་སྲུན་པ་རྣམས་ཚར་བཅད། གདམས་པའི་ཆུ་བོ་བཞིའི་མན་ངག་རྣམས་སོག་པོ་དཔལ་གྱི་ཡེ་ཤེས་སོགས་སྔ་ཕྱི་དཔལ་གྱི་བུ་བརྒྱད་སོགས་ལ་གནང་སྟེ། མཐར་སྟོང་གསལ་འཇའ་ལུས་ཀྱི་སྐུར་གཤེགས། ཡར་འབྲོག་པ་སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་མན་ངག་ཡོངས་རྫོགས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གདམས། གཉིས་པ་སྔ་འགྱུར་བསྟན་པ་བར་དུ་གནུབས་ལ་བབས་ཚུལ་ནི། སྔ་འགྱུར་བསྟན་པའི་བདག་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞེས་ཡོངས་སུ་གྲགས་པ་འདི་ཉིད་སྐུ་གཞོན་ནུ་ཉིད་ནས་ཤྲཱི་སིདྡྷ་དང། བི་མ་ལ། ཀ་མ་ལ་ཤཱི་ལ། དྷ་ན་དྷལ་ལ་སོགས་པ་རྒྱ་བལ་བྲུ་ཤའི་ལོ་པཎ་དུ་མ་དང་། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་དང་། དེའི་སློབ་མ་དཔལ་གྱི་བུ་བརྒྱད་དང་ལྷག་པར་སོག་པོ་དཔལ་གྱི་ཡེ་ཤེས་ལས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་བསླབས་པ་མ་ཟད། མདོ་སྒྱུ་སེམས་གསུམ་གྱི་མན་ངག་ཆ་ལག་དང་བཅས་པར་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་འབེབས། སྒོམ་པས་ཉམས་མྱོང་ཐོན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་བརྙེས། བསྟན་ལ་གནོད་པའི་མི་སྲུན་པ་རྣམས་མངོན་སྤྱོད་དྲག་པོས་ཚར་བཅད། བཤད་སྒྲུབ་ཀྱི་འཕྲིན་ལས་བཟང་པོ་ཡང་བསྐྱེད་རྫོགས་གསུམ་གྱི་བསྟན་པ་ས་སྟེང་ཡོངས་ལ་ཁྱབ་པར་མཛད། གསུང་ལས་སྐྱེས་པའི་སློབ་མ་ཐུགས་ཀྱིས་ཟིན་པའི་སྲས་བཞི། སྲས་ཀྱི་དམ་པ་གཅིག་སྟེ་ལྔ་གཙོས་གྲངས་ལས་འདས་པ་བསྐྱངས་ནས་སྔ་འགྱུར་བསྟན་པའི་རྒྱལ་མཚན་ཉི་ཟླའི་རྒྱུ་མཚམས་སུ་སྒྲེངས། མཐར་གདམས་པའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ལ་གཏད་ནས། རང་བཞིན་རྫོགས་པ་ཆེན་པོར་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས། སྲས་ཀྱི་དམ་པ་ཡོན་རྒྱལ་ནས་རིམ་པ་བཞིན། སྲས་ཡེ་ཤེས་རྒྱ་མཚོ་དང་། གཅུང་པདྨདབང་རྒྱལ། སྲས་ལྷ་རྗེ་ཧཾ་ཆུང་བཅས་ལ་བརྒྱུད་ཅིང་། དེ་ནས་ལྷ་རྗེ་ཟུར་པོ་ཆེ་ལ་བབས་པ་ཡིན་ནོ། ། གསུམ་པ་སྔ་འགྱུར་ཐེག་པའི་བསྟན་པ་ཐ་མ་ཟུར་ལ་བབས་ཚུལ་ནི། དེ་ཡང་ལྷ་རྗེ་ཟུར་པོ་ཆེ་ཤུཀྱ་འབྱུང་གནས་འདི་ཉིད་བསྟན་པ་ཕྱི་དར་གྱི་སྐབས་སུ་སྔ་འགྱུར་བསྟན་པའི་རྩ་བ་འཛུགས་པ་པོར་གྲགས་ཤིང་། སྐུ་གཞོན་དུས་ནས་བླ་ཆེན་དགོངས་པ་རབ་གསལ་ལས་རབ་ཏུ་བྱུང་། མེས་པོ་རིན་ཆེན་རྒྱལ་མཚན། ལྕེ་ཤུཀྱ་རྒྱལ་མཚན། ཉང་སྟོད་ཀྱི་འབྲོ་ཁྲོས་ཆུང་། ཞུ་ཆེན་བསོད་ནམས་ཤུཀྱ་སོགས་ལས་སྔ་ཕྱིར་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན། ལྷག་པར་ལྷ་རྗེ་ཧུཾ་ཆུང་པ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་ཆ་ལག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་དགོངས་པའི་ཉམས་འོག་ཏུ་ཚུད། འུག་པ་ལུང་སོགས་དབེན་པའི་གནས་དུ་མར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་གྲུབ་པའི་རྟགས་དང་མཚན་མ་ཡ་མཚན་པ་དུ་མ་བྱུང་། འུག་པ་ལུང་པ་ཞེས་པའི་མཚན་ཐོགས། ལྷ་འདྲེ་མི་སྲུན་པ་དུ་མ་དམ་ལ་བཏགས། མངོན་ཤེས་དང་རྫུ་འཕྲུལ་ཐོགས་རྡུགས་མེད་པར་མངའ། དཔལ་ཆེན་པོ་སོགས་ཡི་དམ་གྱི་ལྷ་དུ་མས་ཞལ་མངོན་སུམ་དུ་གཟིགས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱ་གྲོལ་ཏེ་མདོ་སྔགས་ཀྱི་ཆོས་བཀའ་མཐའ་དག་རྩོད་མེད་ལྷུན་གྲུབ་ཏུ་འཇོ། སྐལ་ལྡན་གྱི་སློབ་མ་ཤིན་ཏུ་མང་པོ་ལ་མདོ་སྔགས་སྤྱི་དང་བྱེ་བྲག་མདོ་སྒྱུ་སེམས་གསུམ་གྱི་འཆད་ཉན་རྒྱ་ཆེར་སྤེལ། གསང་སྔགས་རྙིང་མའི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས། གདམས་པའི་མན་ངག་མཐའ་དག་ཟུར་ཆུང་ཤེས་རབ་གྲགས་པ་ལ་གནང་། མཐར་རྡོ་དྲིལ་འཁྲོལ་བའི་སྒྲ་སིལ་བཞིན་སྐུ་ཕུང་འོད་གསལ་སྟོང་པའི་དབྱིངས་སུ་ཞི་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། དེ་ནས་རིམ་པ་བཞིན་སྒྲོ་ཕུག་པ་ཟུར་ཤུཀྱ་སེངྒེ། ལྕེ་སྟོན་རྒྱ་ནག་པ། བོ་ཆེན་པོ་ཡོན་ཏན་གཟུངས། དམ་པ་སོ་སྒྲགས་པ། དབུས་པ་ཞིག་པོ། ཐུགས་སྲས་ཞིག་པོ་བདུད་རྩི་རྟ་སྟོན་ཇོ་ཡེ། གཅུང་པོ་ཇོ་བསོད། རྟ་སྟོན་གཟི་བརྗིད། རྣ་ནག་བདུད་འདུལ། ཟུར་བྱམས་པ་སེང་གེ། གཡུང་སྟོན་པ། རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ། ཟུར་བཟང་པོ་དཔལ། ཟུར་ཧཾ་ཤུཀྱ་འབྱུང་གནས། སྲས་སངས་རྒྱས་རྒྱལ་མཚན་དཔལ་བཟང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཞྭ་དམར་སྐུ་ཕྲེང་བཞི་པ་སྤྱན་སྔ་རིན་པོ་ཆེ། འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། འཕྱོང་རྒྱས་པ་སངས་རྒྱས་གྲགས། སྨན་ལུང་པ་ཤུཀྱ་འོད། དབོན་པོ་རྡོ་རྗེ་རྒྱལ་མཚན། ཀཿཐོག་པ་དམ་པ་བདེ་གཤེགས། གཙང་སྟོན་པ་བྱམས་པ་འབུམ། སྤྱན་སྔ་བ་བསོད་ནམས་འབུམ། དཔལ་རོང་ཟོམ་མ་ཧ་པཎྜི་ཏ་ཆོས་ཀྱི་བཟང་པོའི་བར་བརྒྱུད་པ་སྟེ་འདི་ཉིད་སྔགས་གསར་རྙིང་དང་མཚན་ཉིད་ཐེག་པ་སྒྲ་ཚད་སྨན་རྩིས་སོགས་ལ་ཤིན་ཏུ་མཁས་ཤིང་། མཛད་འཕྲིན་ནམ་མཁའ་ལས་ཡངས་པ་བསྐྱངས་པས་ཐུབ་བསྟན་སྤྱི་དང་ལྷག་པར་སྔ་འགྱུར་རྙིང་མའི་བསྟན་པ་ལ་བཀྲིན་ཤིན་ཏུ་ཆེ། བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང་སྔ་འགྱུར་རྙིང་མའི་ཁྲོད་དུ་འཆད་རྩོད་རྩོམ་གསུམ་ལ་འདི་ཉིད་དང་། རྒྱལ་བ་ཀློང་ཆེན་རབ་འབྱམས་པ། འཇམ་དབྱངས་མི་ཕམ་རྣམ་རྒྱལ་ལྟ་བུའི་མཁས་པ་སུ་ཡང་མ་བྱུང་བར་སྣང་ངོ་། །འདིའི་རྣམ་པར་ཐར་པ་ནི་ཤིན་ཏུ་འགངས་ཆེ་ཡང་འདིར་ཡི་གེ་མང་བས་འཇིགས་ནས་མ་བཀོད་ཅིང་། ཤེས་པར་འདོད་ན་གུ་བཀྲའི་ཆོས་འབྱུང་སོགས་རྙིང་མའི་ཆོས་འབྱུང་ཁག་ཏུ་གཟིགས་པ་འཚལ། དེ་ནས་ཟུར་ཧཾ་སའི་བརྒྱུད་པ་དང་། ཟུར་མའི་བརྒྱུད་པ། སྲས་བརྒྱུད་དེ་གསུམ་བྱུང་བས་བཤད་སྒྲུབ་གཉིས་ཀའི་ལམ་ནས་སྔ་འགྱུར་བསྟན་པའི་རྒྱལ་མཚན་བླ་ན་སྒྲེངས། དེ་ནས་རིག་འཛིན་གཡུ་འབྲུག་རྡོ་རྗེ་དང་། མཁས་གྲུབ་བློ་གྲོས་རྒྱལ་མཚན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། གསང་བདག་འཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། གནས་ལྔ་རིག་པ་ལོ་ཆེན་དྷརྨ་ཤྲཱི་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་རིམ་པར་བྱོན་ནས་རིང་བརྒྱུད་བཀའ་མའི་བསྟན་པ་ད་ལྟའི་བར་དུ་ས་གསུམ་གྱི་མུན་པ་སེལ་བའི་སྒྲོན་མེ་ལྟར་འབར་བཞིན་པ་འདི་ཉིད་དོ། ། གཉིས་པ་ཤིན་ཏུ་ཟབ་པ་ཉེར་བརྒྱུད་གཏེར་མའི་སྐོར་ཇི་ལྟར་བྱུང་ཚུལ་ནི། དེ་ཡང་སློབ་དཔོན་ཆེན་པོ་སོགས་བོད་ཡུལ་དུ་བཞུགས་པའི་དུས་གདུལ་བྱ་ལ་དངོས་སུ་གསུང་བའི་དུས་ལ་མ་བབ་པ་དང་། འགའ་ཞིག་གདུལ་བྱར་གསུངས་ནས་འགྲོ་དོན་ཆེན་པོ་བྱུང་ནའང་བརྒྱུད་པའི་ཁྲོད་དུ་སྐྱེ་བོ་ཕལ་བ་དག་གིས་ཚིག་དོན་ལ་ལྷད་བཅུག་སྟེ། རིང་རྒྱུད་བཀའ་མ་རྣམས་ཚོང་འདུས་ཀྱི་འོ་མ་བཞིན་དབང་དང་གདམས་པའི་བཀའ་འཆལ། དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱི་ལྷད་ཞུགས་པ་མང་བས་མན་ངག་གི་རྣོ་དབལ་ཡལ་བ་སོགས་མི་འབྱུང་བ་བཅས་ཀྱི་ཆེད་དུ། སློབ་དཔོན་ཆེན་པོ་སོགས་ཀྱིས་ཆོས་བཀའ་སྤྱི་དང་། གདམས་པའི་མན་ངག་ཁྱད་པར་ཅན་གཞན་ཡང་འབྱུང་འགྱུར་ལུང་བསྟན་སོགས་དུ་མ་ཞིག་གཏེར་དུ་སྦས་པ་ཡིན་ནམ་སྙམ། གཏེར་དུ་སྦས་པའི་སྲོལ་ནི་མདོ་རྒྱུད་ཀྱི་གསུང་རབ་ཚད་མ་དག་ལས་བྱུང་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང༌། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་དང་། གཞན་ཡང་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། ཆུ་ཀླུང་རོལ་པའི་མདོ་སོགས་སུ་གཏེར་གྱི་ངོ་བོ་དང་། སྦེད་པའི་ཡུལ། འདོན་པ་པོའི་གང་ཟག་སོགས་ཀྱི་ཁྱད་པར་ཇི་ལྟ་བ་བཞིན་གསུངས་ཤིང་། གཏེར་གྱི་ཕྱོགས་འདིར་དགོངས་བརྡ་སྙན་བརྒྱུད་ཀྱི་གཏེར་གསུམ་དང་། སྨོན་ལམ་དབང་བསྐུར་གྱི་གཏེར། བཀའ་བབས་ལུང་བསྟན་གྱི་གཏེར། མཁའ་འགྲོ་གཏད་རྒྱའི་གཏེར་ཏེ་དྲུག་ཏུ་ཕྱེས་སྣང་ལ། དེ་དག་ལས་ཕྱི་མ་ནི་མཁའ་འགྲོའི་བརྡ་ཡིག་ཚིག་བརྒྱུད་དུ་བཀོད་ནས་བྲག་དང་མཚོ་སོགས་སུ་གཏེར་བདག་སོ་སོར་གཉེར་བྱང་གཏད་ནས་རྒྱས་བཏབ། ཕྱིས་ལུང་བསྟན་དུས་ལ་བབས། སྨོན་ལམ་གྱི་མཐུ་གྲུབ། ལས་ཀྱི་འཕྲོ་སད། གཏེར་བདག་གི་བསྐུལ་མ་བྱས་པ་ནས་གཏེར་སྟོན་སོ་སོས་ཕྱིར་བཏོན་ཏེ་འགྲོ་དོན་རྒྱ་ཆེར་འཕེལ་བར་གསུངས། གཏེར་ཆོས་ཀྱི་ཆེ་བ་ནི་གཏེར་དུ་སྦས་པའི་ཟབ་ཆོས་ཕལ་ཆེ་བ་མཁའ་འགྲོའི་བརྡ་ཡིག་གིས་བཅིངས་པ། གང་ཟག་ཕལ་བའི་བརྒྱུད་པས་བར་དུ་མ་ཆོད་པས་ཁུངས་བཙན་པ། ཕྱོགས་ལྷུང་དང་རང་འདོད་ཀྱི་བརྡས་མ་བཅོས་པ། ཚིག་མ་འཁྲུལ་བ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་བྱིན་རླབས་ཀྱི་ཚན་ཁ་རྣོ་བ། སྐལ་བ་དང་མི་ལྡན་པའི་སྐྱེ་བོ་རྣམས་ཀྱིས་དཔྱད་མི་བཟོད་པར་གསུངས་སོ། ། གཏེར་དུ་སྦེད་མཁན་དང་སྦ་སྟངས་ཀྱང་། དུས་ལ་མ་རན་པའི་ཆོས་སྒོ་སྤྱི་དང་། ལྷག་པར་ཡོ་ག་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་མཐའ་ཡས་པ་ཐམས་ཅད་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ལ་བརྟེན་ནས་བཀའ་བསྡུ་བར་མཛད། ཤོག་སེར་རིགས་ལྔའི་ཐོག་མཁའ་འགྲོའི་བརྡ་ཡིག་ཏུ་གཅེས་ནས་བཀོད། གཏེར་སྣོད་སྒྲོམ་བུ་འདྲ་མིན་ཏུ་བཅུག་སྟེ་རྒྱས་བཏབ། སློབ་དཔོན་ཆེན་པོ་ཡབ་ཡུམ་དང་རྗེ་འབངས་དུ་མས་གཏེར་དུ་སྦས་ཏེ་གཏེར་སྲུང་རྣམས་ལ་གཉེར་དུ་གཏད། ལྷག་པར་སློབ་དཔོན་རྔ་གཡབ་གླིང་དུ་ཕེབས་པའི་རྗེས་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་མི་ལོ་བརྒྱ་ལྷག་བཞུགས་ཏེ་བོད་ཡུལ་སྟོད་སྨད་ཀུན་ཏུ་ས་ཆུ་རི་བྲག་དུ་མར་གཏེར་གྱིས་ཁྱབ་པར་སྦས། གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ་དང་། ཆོས་རྒྱལ་ཡབ་སྲས། བཻ་རོ་ཙ་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཉགས་ལོ་ཆེན་པོ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཉང་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་བསམ་ཡས་སོགས་སུ་ས་གཏེར་དུ་མ་སྦས་ཏེ་མ་འོངས་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པའི་སྨོན་ལམ་མཐུ་བཙན་པོས་རྒྱས་བཏབ། དུས་ཕྱིས་ཡུལ་དང་དུས་ལ་རན་པ་ན་གཏེར་མ་རྣམས་རིམ་པར་བཞིན་པདྨབཀའ་ཡི་ཐང་ཡིག་སོགས་སུ་ལུང་གིས་ཟིན་པའི་གཏེར་སྟོན་མཚན་ལྡན་རིམ་པར་བྱོན་པ་དག་གིས་གཏེར་ལས་བཏོན་ཏེ། ཟབ་མོའི་གཏེར་གྱི་འཕྲིན་ལས་ལ་བརྟེན་ནས་གསང་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཇི་སྲིད་རྣམ་འདྲེན་ལྔ་པ་འཇིག་རྟེན་དུ་མ་བྱོན་པ་དེ་སྲིད་དུ་མི་ནུབ་པར་གྱུར་ཏེ། སློབ་དཔོན་ཆེན་པོས། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོངས༅། ཞེས་གསུངས་པའི་ཕྱིར། ད་ནི་འདིར་ཟབ་མོའི་གཏེར་སྟོན་དང་དེ་དག་གི་བརྒྱུད་པ་འཛིན་པའི་སྐྱེས་ཆེན་འགའ་ཞིག་གི་མཚན་བྱང་ཙམ་འགོད་པར་འདོད་དེ། དེ་ཡང་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་དང་། གྲྭ་པ་མངོན་ཤེས་ཅན། ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག སྤྲུལ་པའི་གཏེར་སྟོན་ཇོ་མོ། སྨན་མོ་གཏེར་སྟོན་ཨོ་རྒྱན་གླིང་པ། གཏེར་སྟོན་རིག་འཛིན་དངོས་གྲུབ་རྒྱལ་མཚན། གཏེར་སྟོན་སངས་རྒྱས་གླིང་པ། གཏེར་སྟོན་རྡོ་རྗེ་གླིང་པ། གཏེར་སྟོན་རསྒྲཋ་གླིང་པ། ཨོ་རྒྱན་པདྨགླིང་པ། གཏེར་སྟོན་ཀ་རྨ་གླིང་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མངའ་རིས་པཎ་ཆེན། གཏེར་སྟོན་ལས་འཕྲོ་གླིང་པ། གཏེར་སྟོན་བདུད་འདུལ་རྡོ་རྗེ། ལྷ་བཙུན་ནམ་མཁའ་འཇིགས་མེད། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རིག་འཛིན་གཏེར་བདག་གླིང་པ། ཀུན་མཁྱེན་འཇིགས་མེད་གླིང་པ། གཏེར་སྟོན་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇུ་མི་ཕམ་པ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་དང་། ད་ལྟར་འཚོ་ཞིང་བཞུགས་པའི་སྔ་འགྱུར་བསྟན་པའི་བདག་པོ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་དང་། གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ས་གཏེར་དང་། དགོངས་གཏེར་གྱི་གཏེར་སྟོན་དང་། ཟབ་མོའི་གཏེར་གྱི་བརྒྱུད་པ་འཛིན་པའི་སྐྱེས་ཆེན་ནམ་མཁའི་སྐར་ཚོགས་དང་ཆུ་ཁའི་བྱེ་མ་ལྟར་བྱུང་བ་དག་གིས་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ལས་འཆད་རྩོད་རྩོམ་པ་དང་། ལ་ལས་སྒོམ་སྒྲུབ་ཉམས་ལེན་གྱིས་ནམ་ཡང་ནུབ་པར་མེད་པར་མཛད་བཞིན་པ་འདི་བཞིན་ལགས་སོ། ། ཟབ་མོ་གཏེར་གྱི་སྐོར་འདི་ཉིད་སྔ་འགྱུར་རྙིང་མ་ཙམ་དུ་མ་ཟད་གྲུབ་མཐའ་གཞན་དང་གཞན་གྱི་སྔོན་བྱོན་སྐྱེས་ཆེན་དག་གི་གཏེར་བླངས་པའི་ལོ་རྒྱུས་ཀྱང་མཐོང་སྟེ། དཔེར་ན་འཇམ་མགོན་ཙོང་ཁ་པ་ཆེན་པོས། དགའ་ལྡན་འགོག་པ་རི་ནས་སྔོན་ཚེ་ཐུབ་པས་གནང་བའི་ཆོས་དུང་གཡས་འཁྱིལ་ཞིག་གཏེར་ལས་བླངས་ཏེ་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་ལ་གནང་བའི་ལོ་རྒྱུས་ལྟ་བུས་ཀྱང་མཚོན་པས་སོ། ། དེར་བརྟེན་སྔོན་དང་དེང་གི་སྐྱེས་ཆེན་དུ་མའི་གསུང་སྒྲོས་སུ། ཆུ་ཕུགས་གངས་ལ་བརྟེན་པ་དང་། ཆོས་ཕུགས་སངས་རྒྱས་ལ་བརྟེན་པ་ཞིག་དགོས་ཀྱི། ས་དང་རྡོ་ལ་ཁུངས་གཏུགས་པ་ལྟ་བུ་མི་རུང་བ་ཡང་ཡང་འབྱུང་བ་ནི། བཀའ་ཐང་ཟངས་གླིང་མ་ལས། རྒྱུད་ནས་མ་གསུངས་མདོ་ནས་མ་བཤད་པའི༔ རང་བཟོས་བདག་བསྟོད་གཞན་ལ་སྨོད་པ་འབྱུང་༔ ལོ་པཎ་གཉིས་ཀྱིས་མ་བསྒྱུར་བླུན་བཟོས་བྱས༔ རྩ་རླུང་ཞེས་པའི་འདྲེ་ཆོས་བོད་དུ་འབྱུང་༔ རྒྱ་གར་མ་གྲགས་བོད་དུ་མ་བསྒྱུར་བའི༔ མི་སྙན་ཁུངས་དང་བཅས་པའི་འདྲེ་ཆོས་འབྱུང་༔ ངེས་དོན་ཡིན་ཟེར་སུས་ཀྱང་མི་གོ་བའི༔ སངས་རྒྱས་ཞལ་ནས་མ་གསུངས་དར་བར་འགྱུར༔ ཟབ་ཁྱད་ཡིན་ཟེར་རྟག་ཆད་གྲུབ་མཐའ་སྟོན༔ བཀའ་གཏེར་མདོ་སྔགས་གང་དང་མི་མཐུན་པའི༔ ཡས་བསྡུས་མས་བསྡུས་ཕར་དཀྲུགས་ཚུར་དཀྲུགས་ཅན༔ རྩོད་པ་མང་པོ་ཆོས་ལོག་བོད་དུ་འབྱུང་༔ འདྲེས་རླབས་མ་ཤེས་བླུན་པོས་ཉམས་བླངས་པས༔ ཉོན་མོངས་ཕྱོགས་འཕེལ་དཀར་ཕྱོགས་དགེ་བ་འགྲིབས༔ ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོའི་ལུང་གིས་མ་ཟིན་པ། ལྷ་དང་བླ་མའི་བྱིན་རླབས་ཀྱི་མཐུ་མ་གྲུབ་པ། དགོངས་གཏེར་འབྱེད་པའི་མཁྱེན་རབ་ཀྱི་རྩལ་མེད་པར། ཆོས་ཞེན་དང་ཆགས་སྡང་། རྨོངས་ཞེན་གྱི་ཞེ་འཁོན་ཁོ་ནས་ཀུན་ནས་སློང་བའི་ཕལ་བའི་སྐྱེ་བོ་ཐ་ཤལ་བ་འགའ་དང་འགས་དམ་པ་གཞན་གྱི་གཏེར་ཆོས་ལ་བསྲེ་ལྷད་བཅུག་པའམ། རང་བཟོ་འབའ་ཞིག་གི་གཏེར་རྫུན་སྦས་ཏེ་ཕྱིས་ནས་བཏོན་པ་སོགས། མི་དྲན་དགུ་དྲན་དང་མི་བྱེད་དགུ་བྱེད་བྱེད་མཁན་དེ་དག་ལ་དམིགས་ཕུག་སྟེ་གསུང་པ་ཡིན་གྱི། སྔ་འགྱུར་རྙིང་མ་པའི་ཚད་ལྡན་གྱི་སྐྱེས་ཆེན་དམ་པ་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་མན་ངག་ལ་བརྟེན་ནས་དགོངས་གཏེར་འབྱེད་པའི་མཐུ་གྲུབ་པ། གུ་རུ་ཆེན་པོའི་ལུང་དང་། ལྷ་དང་བླ་མའི་ཉམས་སྣང་ལ་བརྟེན་ནས་ཟབ་མོ་གཏེར་ཆོས་འབྱེད་པའི་སྐྱེས་ཆེན་དེ་དག་ལ་ཟེར་བ་མིན་ནོ་སྙམ།

༤ རྙིང་མའི་གདན་ས་ཆེན་པོ་དྲུག འདི་ཉིད་འཛིན་སྐྱོང་གནང་སའི་དགོན་སྡེ་ནི་དབུས་སུ་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨན་ན་ཀ་དཔལ་གཉིས་ཞེས། སྔ་འགྱུར་རྙིང་མའི་སྡེ་ས་ཆེན་པོ་དྲུག་ཅེས་ཡོངས་སུ་གྲགས་ཏེ། འདིར་གདན་ས་དྲུག་པོ་དེ་དག་གི་བྱུང་བ་རགས་ཙམ་གླེང་ན། དང་པོ། ཤར་རྒྱལ་བ་ཀཿཐོག་མི་འགྱུར་རྡོ་རྗེ་གདན་ནི། སྔ་འགྱུར་བའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་དབུས་གཙང་དུ་སོ་ཟུར་གནུབས་གསུམ་ནས་རིམ་གྱིས་གསང་བདག་སྒྲོ་ཕུག་པ་ཤུཀྱ་སེང་གེ་དང༌། དེ་ནས་འཛམ་སྟོན་པ་འགྲོ་བའི་མགོན་པོ་ལ་བརྒྱུད། དེ་ཡི་དངོས་སློབ་ཀ་དམ་པ་བདེ་གཤེགས་སྤོབས་པ་མཐའ་ཡས་ཀྱིས་རབ་བྱུང་གསུམ་པའི་ས་ཡོས་(ཕྱི་ལོ་༡༡༥༩)ལོར་ཁམས་སྤོ་འབོར་སྒང་དུ་ཧོར་པོ་དཔོན་དགེ་ལུས་ཡོན་བདག་བགྱིས་ཏེ་སེང་གེ་བྲག་གཡུ་མཚོ་འཁྱིལ་བའི་སྟེང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། བཤད་སྒྲུབ་ཀྱི་སྡེ་བཙུགས་ཏེ་བླ་རབས་བཅུ་གསུམ། དྲུང་རབས་བཅུ་གསུམ། མཁན་རབས་བཅུ་གསུམ་དུ་གྲགས་པ་སོགས་མཁས་ཤིང་གྲུབ་པའི་རིག་འཛིན་བརྒྱུད་པས་ཡུལ་མདོ་ཁམས་སྨད་ནས་སླར་བོད་ལྗོངས་ཡོངས་ལ་ཁྱབ་པ་མ་ཟད་མོན་པ་དང༌། འབྲས་ལྗོངས། འབྲུག་པ། བལ་པོ་སོགས་ཡུལ་གྲུ་གཞན་ལའང་ཁྱབ། རང་ལུགས་ཐུན་མིན་མདོ་སྒྱུ་སེམས་གསུམ་དང་མན་ངག་རྫོགས་པ་ཆེན་པོ་བཅས་དར་བར་སྤེལ་བས་སྔ་འགྱུར་བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། ། དེ་ནས་རབ་བྱུང་བཅུ་པའི་སྐབས་ཀཿཐོག་ཏུ་བཤད་སྒྲུབ་ཀྱི་བསྟན་པ་ཅུང་ཉམས་རྒུད་དུ་ཕྱིན་པར་རིག་འཛིན་ཀློང་གསལ་སྙིང་པོས་ཉམས་གསོ་མཛད། དེའི་མཐུན་རྐྱེན་སྡེ་དགེ་ཆོས་ཀྱི་རྒྱལ་པོས་ཕུལ་ཞིང་དབུ་བླ་ཁག་ལྔའི་ཡ་གྱལ་དུ་བཀུར། གཏེར་ཆེན་བདུད་འདུལ་དང་ཀློང་གསལ་རང་གི་གཏེར་ཆོས་སྤེལ་བ་ནས་བཟུང་ཆོ་ག་ཕྱག་བཞེས་བཏིང་བར་མཛད། ཆོས་བརྒྱུད་འཛིན་པའི་དགོན་ལག་སུམ་བརྒྱ་ལྷག་ཡུལ་འགུ་ལོག་དང་རྒྱལ་རོང་སོགས་སུ་ཁྱབ། ཕྱིས་ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་བཤད་སྒྲུབ་ནོར་བུ་ལྷུན་པོ་བཙུགས་པ་དང༌། ཟངས་མདོག་དཔལ་རི་བློས་བསླངས་རྟེན་དང་བརྟེན་པ་བཅས་བསྐྲུན་པ། མདོ་རྒྱུད་དཔེ་མཛོད་ཆེན་མོ་བཞེངས་པ་སོགས་མཛད་རྗེས་ཆེ། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་པའི་སྒང་ཡིན་པར་རབ་བྱུང་བཅུ་དྲུག་པའི་ས་ཕག་(སྤྱི་ལོ་༡༩༥༩)ལོ་ནས་བཟུང་སྐྱེ་རྒུ་བསོད་ནམས་དམན་ཞིང་ལོག་སྨོན་འབྲས་བུ་སྨིན་པས་བསྟན་པའི་ཉི་མ་ནུབ་རིར་ཆས་ཏེ་མི་ལོ་སུམ་ཅུ་ཙམ་གྱི་རིང༌། བོད་ཁམས་དགོན་སྡེ་ཕལ་མོ་ཆེ་དང་མཚུངས་པར་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང༌། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་བརླགས་ཏེ་གྱང་ཧྲུལ་ས་ཕུང་རྡོ་ཕུང་ཙམ་ལས་ལྷག་མ་མ་ལུས་པར་གྱུར། དེང་གི་དུས་དད་ལྡན་བོད་འབངས་ཀྱི་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག་མཁན་རྒྱན་རྒྱལ་མཚན་འོད་ཟེར་གཙོས་བླ་སྤྲུལ་དད་ལྡན་སེར་སྐྱ་ཡོངས་ནས་དགོན་རྩ་ལག་གི་སྔར་རྒྱུན་བཤད་སྒྲུབ་དང་འདུ་ཁང་རྟེན་གསུམ་བཅས་བཞེངས་པར་རྒྱུ་ཚགས་གང་ཐད་ཀྱིས་འབད་རྩོལ་བྱས་དང་བྱེད་བཞིན་མཆིས་སྐད་ཐོས། གཉིས་པ། ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ནི། རབ་བྱུང་བཅུ་པའི་ལྕགས་ཁྱི་ (ཕྱི་ལོ་༡༦༡༠ )ལོར་རིག་འཛིན་ངག་གི་དབང་པོས་དབུས་གཡོ་རུ་ཡར་ཀླུང་གཙང་པོའི་གཡས་ཟུར་དུ་ཕྱག་བཏབ་སྟེ་རིག་འཛིན་རྒོད་ལྡེམ་ནས་བརྒྱུད་པའི་བྱང་གཏེར་གྱི་བླ་རྫོགས་ཐུགས་གསུམ་རྩལ་འདོན་མཛད་ཅིང་སྒྲུབ་ཕྲིན་གྱི་ཆོ་ག་ཕྱག་ལེན་ཐུན་མིན་གནང་བའི་རིག་འཛིན་ཆེན་པོའི་སྐུ་ཕྲེང་བཅུ་ཕྲག་རིམ་པར་བྱོན་ནས་འཁོར་ལོ་གསུམ་གྱི་འཕྲིན་ལས་ཀྱིས་གདན་ས་བསྐྱངས་ལ་དར་རྒྱས་སུ་ཕྱིན་པས་དགེ་འདུན་པ་ཉིས་སྟོང་ལས་བརྒལ་བ་བྱུང༌། ཆོས་བརྒྱུད་འཛིན་པའི་དགོན་ལག་བརྒྱ་ཕྲག་གཅིག་ལ་ཉེ་བ་སྟོད་མངའ་རིས་ནས་སྨད་དར་མདོའི་བར་ཡུལ་གྲུ་དུ་མར་ཁྱབ། ཡང་སྲིད་པད་མ་ཕྲིན་ལས་ཀྱིས་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྒྱས་པའི་དུས། རབ་བྱུང་བཅུ་གཉིས་པའ་ིས་ཁྱི་(ཕྱི་ལོ་༡༧༡༨)ལོར་སོག་པོ་ཇུན་གར་དམག་དཔུང་གིས་བོད་དུ་རྙིང་བསྟན་བཤིག་སྐབས་དགོན་པ་འདིའང་ས་ཤུལ་ཙམ་བྱས་པ་དང་། མཆོག་སྤྲུལ་པདྨའཕྲིན་ལས་སྐུ་བཀྲོངས་པ་སོགས་མ་རུང་གདོན་སྤྱོད་ངན་པས་ཉམས་པར་བྱས། སླར་རིག་འཛིན་སྤྲུལ་པའི་སྐུ་སྐལ་བཟང་པདྨདབང་ཕྱུག་མདོ་ཁམས་སྤོ་འབོར་སྒང་ལྕགས་མདུད་ཉག་རོང་ནས་དྲངས་ཏེ་གདན་སར་བཀོད། བསྟན་པའི་མེ་རོ་གསོས་ཏེ་ཉམས་པ་སོར་ཆུད་པ་བྱུང་ཡང་ས་ཕག་ལོར་ལོག་པའི་སྨོན་ལམ་ལས་བྱུང་བའི་ཉམས་རྒུད་དུ་ཕྱིན་པ་ནི་རིས་མེད་བསྟན་པ་སྤྱིའི་འཇིག་པ་ཡིན། དགོན་འདིའི་ཤུལ་དུ་གྱང་རལ་ཙམ་ལས་མ་ལུས། དེང་མཆོག་སྤྲུལ་འཇམ་དཔལ་བློ་བཟང་གིས་གཙོ་བོར་མཛད་དེེ་དད་ལྡན་ཡུལ་པ་ཀུན་གྱིས་རོགས་སྐྱོར་ཆེན་པོ་བྱས་ནས་ཉམས་གསོ་ལ་འབད་བཞིན་ཡོད་པ་ཐོས། གསུམ་པ། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་(ཕྱི་ལོ་༡༦༦༥)ལོར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་ཁམས་དཔལ་ཡུལ་ཨ་འཁྱོག་ཅེས་པར་ཕྱག་བཏབ། པད་མ་ལྷུན་གྲུབ་རྒྱ་མཚོ་དང་བླ་མ་པད་མ་ནོར་བུ། བླ་མ་ཀརྨ་བཀྲ་ཤིས་སོགས་གདན་རབས་བཅུ་ཕྲག་གཅིག་ཙམ་རིམ་པར་བྱོན་པས་འཁོར་ལོ་གསུམ་གྱིས་བསྟན་པ་བསྐྱངས། ཆོས་བརྒྱུད་འཛིན་པའི་དགོན་ལག་བརྒྱ་ཕྲག་འགས་ཁམས་གོ་འཇོ་དང༌། སྨར་ཁམས། མགོ་ལོག་སོགས་ལ་ཁྱབ། ཀཿ ཐོག་སྔ་རབས་པའི་ཆོས་བརྒྱུད་འཛིན་པ་ཡིན་ཡང་ཕྱིས་སུ་གནམ་ཆོས་མཛད་པ་ཤས་ཆེ་བས་ཀཿ ཐོག་དང་མཛད་པ་ཅུང་མི་འདྲ་བ་གྱུར་པས་ཀ་དཔལ་ཉིས་ཞེས་ཐ་དད་དུ་བགྲངས་པ་བྱུང༌། སྤྲུལ་སྐུ་བསྟན་པའི་ཉི་མས་སྔ་འགྱུར་བཀའ་མའི་གཞུང་པོད་དང་ཆོག་ཕྲིན་བཅས་ཤིང་པར་བརྐོས་པ་སོགས་མཛད་རྗེས་བཟང༌། གཞན་ཡང་བཤད་གྲྭ་དང་སྒྲུབ་གྲྭའི་སྡེ་བཙུགས་པ་དགེ་འདུན་ཞལ་གྲངས་བདུན་བརྒྱ་ཙམ་རེའི་སྒྲུབ་ཆེན་འཚོགས་པ་སོགས་དར་རྒྱས་འགྲོ་བཞིན་པའི་སྐབས་རིས་མེད་རྒྱལ་བསྟན་རྒུད་པའི་དུས་ལ་བབས་པས་རྟེན་གཙུག་ལག་ཁང་དང་བརྟེན་པ་སྐུ་གསུང་ཐུགས་རྟེན་ཐམས་ཅད་རྨེག་མེད་དུ་བཏང༌། དེང་སང་བསྟན་པར་ལྷག་བསམ་ཆེ་བའི་མཆོག་སྤྲུལ་ཐུབ་བཟང་གཙོས་བླ་སེར་དད་འབངས་ཀུན་གྱིས་གཙུག་ལག་ཁང་དང་སྒྲུབ་གྲྭ་བཞེངས་པ་མ་ཟད་སྔ་འགྱུར་བཀའ་མའི་ཤིང་པར་བརྐོ་བའི་དབུ་འཛུགས་པ་སོགས་བསྟན་པ་སྤྱི་ལ་སྨན་པའི་ལྷག་བསམ་དཀར་པོའི་ཐུགས་བསྐྱེད་ཆེན་པོ་གནང་བཞིན་པའོ། ། བཞི་པ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། རབ་བྱུང་བཅུ་གཅིག་པའི་ས་རྟ་(ཕྱི་ལོ་༡༦༧༦)ལོར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སྐུ་མཆེད་ཀྱིས་དབུས་གཡོ་རུ་གྲའི་ས་ཆར་ཕྱག་བཏབ། གསང་སྔགས་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་བཟང་པོས་སྔ་འགྱུར་བསྟན་པ་སྤྱི་ལ་སྨན་པ་བྱུང༌། གཉོས་ཀྱི་གདུང་རྒྱུད་ཟམ་མ་ཆད་པའི་ཁྲི་རབས་བཅུ་ཕྲག་གཅིག་ལྷག་རིམ་པར་བྱོན་པ་དང་མཁན་རབས་རིམ་པར་བྱོན་པས་བསྟན་པ་བསྐྱངས་པས་དར་ཞིང་རྒྱས་པ་བྱུང་། རྒྱལ་དབང་ལྔ་པ་ཆེན་པོས་དགོན་ལག་ཉེར་ལྔ་སྦྱོར་འཇགས་མཛད་པ་རིམ་གྱིས་ཇེ་འཕེལ་དུ་ཕྱིན་ནས་དབུས་གཙང་དུ་དགོན་ལག་ཤིན་ཏུ་མང་ལ་མདོ་ཁམས་སོགས་ལའང་ཁྱབ། ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཧ་ཅང་རྒྱས་པས་ལོག་སྨོན་ཅན་གྱི་སོག་པོ་ཇུན་གར་ཟེར་བས་དགེ་ལྡན་པ་ཁ་ལ་ཁྱེར་ནས་ཆོས་ལུགས་ཀྱི་དར་ཆ་སེར་པོ་ཕྱར་པའི་སླུ་བྲིད་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་ཁྱི་(༡༧༡༨)ལོར་དགོན་པ་འདི་མེར་བསྲེགས་པ་དང་ལོ་ཆེན་དང༌། གདུང་སྲས་པད་མ་འགྱུར་མེད་རྒྱ་མཚོ་གཉིས་སྐུ་བཀྲོངས། རྗེས་སུ་དྲིན་ཆེན་རིག་འཛིན་རྣམ་རྒྱལ་དང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོལ་མཆེད་ལྕམ་གཉིས་ཀྱིས་ཞིག་གསོ་བྱས་ནས། སྔར་བཞིན་གཙུག་ལག་ཁང་དང་གསང་སྔགས་ཕོ་བྲང་སོགས་དང་གྲྭ་ཤག་བརྒྱ་ཕྲག་གཅིག་ཙམ་བཞེངས་ཏེ་ཉམས་པ་སོར་ཆུད་ཙམ་བྱུང་ལ། དར་རྒྱས་འགྲོ་བཞིན་པའི་ཚེ་ཡང་ས་ཕག་ལོ་བསྟན་པ་རྒུད་པའི་དུས་ངན་ཤར་བས་ཉམས་ཆག་སོང་། དེང་སང་སྐྱ་སེར་ཆོས་སྡེ་ཀུན་གྱིས་ཉམས་གསོ་ལ་འབད་བཞིན་ཡོད་པར་ཐོས། ལྔ་པ། རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླང་གི་(ཕྱི་ལོ་༡༦༨༥)ལོར་གྲུབ་དབང་རྫོགས་ཆེན་པ་པད་མ་རིག་འཛིན་གྱིས་ཟལ་མོ་སྒང་ཁམས་རུ་དམ་གྱི་ལུང་པར་ཕྱག་བཏབ། འཁོར་ལོ་གསུམ་གྱི་འཕྲིན་ལས་ཀྱིས་བསྟན་པ་བསྐྱངས་པའི་མཁས་པའི་དབང་པོ་དང་སྤྲུལ་པའི་སྐྱེས་ཆེན་རྫོགས་ཆེན་སྐུ་ཕྲེང་བདུན་དང་དཔོན་སློབ་ནམ་མཁའ་འོད་གསལ་སོགས་བྱོན་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཐུགས་བསྐྱེད་ལས་ཤྲཱི་སིང་ཧའི་ཆོས་གྲྭ་ཆེན་མོའི་རྒྱུན་བཙུགས། རྫོགས་ཆེན་དཔལ་སྤྲུལ་དང༌། འཇུ་མི་ཕམ། མཁན་པོ་པད་མ་རྡོ་རྗེ་སོགས་མཁན་རབས་རིམ་བྱོན་ལས་ཞལ་སློབ་མཁས་གྲུབ་ཀྱི་ཚོགས་ཀྱིས་བོད་ཁམས་མ་ལུས་ཀུན་ལ་ཁྱབ། ཕྱིས་རྒྱ་གཞུང་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་འཆད་ཉན་གྱི་ཆོས་རྒྱུན་ཁྱབ་བརྡལ་དུ་སོང་ཞིང་ཆོས་རྒྱུན་འཛིན་པའི་དགོན་ལག་ཉིས་བརྒྱ་ཙམ་མདོ་ཁམས་སྨད་དུ་ཁྱབ། སྒྲུབ་པའི་ཕྱག་བཞེས་འཇའ་ཚོན་དཀོན་སྤྱི་དང༌། སྙིང་ཐིག་རྩ་གསུམ། བཀའ་དགོངས་ཕུར་གསུམ་བཅས་བསྙེན་སྒྲུབ་ལས་གསུམ་གྱིས་བསྟན་འགྲོར་ཕན་པའི་འཕྲིན་ལས་རྒྱས་བཞིན་པའི་སྐབས་བསྟན་པའི་ཆག་ཉམས་ངན་པས་དགོན་འདི་ལ་གཏོར་བཤིག་ཚབས་ཆེ་ཐེབས་པ་དང་། མཆོག་སྤྲུལ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པའང་མ་རུང་རྐྱེན་ངན་གྱི་དབང་དུ་ཤོར། དེང་དུས་སླར་ཡང་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་ཤྲཱི་སིང་ཧའི་བཤད་གྲྭ་བཅས་ཉམས་གསོ་བྱེད་པའི་ཆེད་སྤྲུལ་སྐུ་སྐལ་བཟང་རིན་པོ་ཆེ་གཙོས་བླ་སེར་ཡོངས་ཀྱིས་འབད་རྩོན་གནང་བཞིནཡོད་པར་ཐོས། དྲུག་པ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི། རབ་བྱུང་བཅུ་གཉིས་པའི་ས་སྟག་(སྤྱི་ལོ་༡༦༩༨)ལོར་ཞེ་ཆེན་ཞྭ་ལམ་རབ་འབྱམས་པ་འགྱུར་མེད་ཀུན་བཟང་བསྟན་འཛིན་རྣམ་རྒྱལ་གྱིས་ཁམས་སེང་གེ་གནམ་རྫོང་གི་ཉེ་ཞོལ་དུ་ཕྱག་བཏབ། མཁས་དང་གྲུབ་པའི་རྣམ་རོལ་མཚུངས་ཟླ་དང་བྲལ་བ་རབ་འབྱམས་ན་རིམ་བདུན་དང༌། རྒྱལ་ཚབ་ན་རིམ་དྲུག་དང་ཁྱད་པར་དུ་ཀུན་མཁྱེན་སྨྲ་བའི་དབང་ཕྱུག་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་མདོ་སྔགས་གཞུང་ལུགས་རབ་འབྱམས་འཆད་ཉན་གྱི་བཤད་པ་རྒྱུན་སྤེལ་བས་ངེས་པ་དོན་གྱི་མཁས་དབང་ཚར་དུ་དངར་བས་ཕྱོགས་ཡོངས་ལ་ཁྱབ་པས་གསང་ཆེན་སྙིང་པོའི་བསྟན་པར་བྱ་བ་རྒྱ་ཆེ། ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་ཉིས་བརྒྱར་ཉེ་བ་མདོ་ཁམས་ཡུལ་གྲུ་དུ་མར་ཁྱབ། སྨིན་གླིང་ལྟར་གྱི་སྒྲུབ་པའི་ཕྱག་བཞེས་སོགས་རང་ལུགས་ཐུན་མིན་མཛད་པས་རྫོགས་ཆེན་དགོན་ལས་མཆེད་ཀྱང་ཞེ་རྫོགས་གཉིས་ཞེས་ཐ་དད་དུ་བགྲངས་པ་བྱུང༌། ས་ཕག་ལོར་ཉམས་རྒུད་དུ་ཕྱིན་ཏེ་དགོན་པའི་རྟེན་དང་བརྟེན་པ་བཅས་མིང་གི་ལྷག་མ་ཙམ་དུ་གྱུར་ཀྱང་དེང་བླ་སྤྲུལ་སེར་སྐྱ་ཆོས་སྡེ་ཐུན་མོང་གིས་ནུས་པ་ཡོད་རྒུ་བཏོན་ནས་ཞིག་གསོ་བྱེད་བཞིན་ཡོད་སྐད་ཐོས། གདན་ས་དེ་དག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་འཛིན་པའི་སྐྱེས་ཆེན་ཤིན་ཏུའང་མང་པོ་བྱུང་བས་རེ་རེ་བཞིན་བརྗོད་ཀྱིས་མི་ལང༌། གཞན་ཡང་གདན་ས་དེ་དག་ལས་ཆད་པའི་བོད་ཡུལ་སྟོད་སྨད་དུ་རྙིང་དགོན་བརྒྱ་ཕྲག་དུ་མས་ཁྱབ་པ་རྣམས་སུའང་རྙིང་བསྟན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་བཞིན་པར་མ་ཟད། ལྷག་པར་ད་ལྟ་ནི་གསེར་རྟ་མཁན་པོ་སྒར་དང་། མེའོ་སོར་རྣམ་གྲོལ་གླིང་། ཌལ་གདོང་སྨིན་གྲོལ་གླིང་སོགས་སུ་རྙིང་མའི་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་བླ་ན་འབར་བཞིན་པ་འདི་ཉིད་དོ། །ས་ཕག་དུས་འགྱུར་བྱུང་རྗེས་རྒྱ་བལ་འབྲུག་གསུམ་དུ་གསར་བསྐྲུན་བྱུང་པའི་སྔར་འགྱུར་རྙིང་མའི་དགོན་སྡེ་ཁག་གི་མཚན་གཞུང་རགས་ཙམ་འགོད་ན། ༡ ཐེག་མཆོག་རྣམ་གྲོལ་གླིང༌། ༢ སྒྲུབ་བརྒྱུད་ཆོས་འཕེལ་གླིང༌། ༣ དགོན་བྱང་བསམ་གཏན་ཆོས་ཕུག ༤ ལྷོག་བྲག་མཁར་ཆུ་བདུད་འཇོམས་གླིང༌། ༥ ཨོ་རྒྱན་ཆོས་གླིང་། ༦ ཨོ་རྒྱན་བསམ་གཏན་ཆོས་གླིང༌། ༧ གསང་སྔགས་དར་རྒྱས་གླིང༌། ༨ བཤད་སྒྲུབ་འདོད་འཇོ་གླིང༌། ༩ ཏེ་ཛུ་ཨོ་རྒྱན་ཆོས་གླིང༌། ༡༠ ཕུན་ཚོགས་རྔ་ཡབ་ཆོས་གླིང༌། ༡༡ གཙང་རྡོ་དམར་རྣམ་གྲོལ་གླིང༌། ༡༢ ཐེག་མཆོག་དཔལ་ཡུལ་ཆོས་འཁོར་གླིང༌། ༡༣ ཟིལ་གནོན་བཀའ་བརྒྱད་གླིང༌། ༡༤ སྟག་ལུང་གསང་ཆོས་དགོན། ༡༥ ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང༌། ༡༦ བཀྲ་ཤིས་ཆོས་གླིང༌། ༡༧ སྤང་སྒང་རི་ཁྲོད་བསམ་གཏན་ཆོས་གླིང༌། ༡༨ ཕུན་ཚོགས་པད་མ་ཆོས་འཁོར་གླིང༌། ༡༩ ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང༌། ༢༠ འཆི་མེད་དགའ་ཚལ་གླིང༌། ༢༡ ཐུབ་བསྟན་རྡོ་རྗེ་བྲག ༢༢ རྡོ་བྲག་གསང་སྔགས་ཆོས་འཁོར་གླིང༌། ༢༣ པད་མ་ཆོས་གླིང༌། ༢༤ ཐུབ་བསྟན་སྨིན་གྲོལ་གླིང༌། ༢༥ ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང༌། ༢༦ ཨོ་རྒྱན་ཐེག་མཆོག་གླིང༌། ༢༧ དགའ་གདོང་རྡོ་རྗེ་གསལ་བྱེད་གླིང༌། ༢༨ ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང༌། ༢༩ སྤ་གྲོའི་ཞེ་ཆེན་སྒྲུབ་སྡེ། ༣༠ རྡོར་གདན་ཞེ་ཆེན་དགོན། ༣༡ རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང༌། ༣༢ ལྷོ་བྲག་ཐིག་ཕྱི་དགོན། ༣༣ ངེས་དོན་དགའ་ཚལ་གླིང༌། ༣༤ དཔལ་ཡུལ་ཆོས་འཁོར་གླིང༌། ༣༥ བདུད་འདུལ་རབ་བརྟན་གླིང༌། ༣༦ ཨོ་རྒྱན་བསམ་གཏན་གླིང༌། ༣༧ བྱང་ཆུབ་ཆོས་གླིང༌། ༣༨ རྫ་རོང་ཐུབ་བསྟན་མདོ་སྔགས་ཆོས་གླིང༌། ༣༩ ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང༌། ༤༠ ཀཿཐོག་དགོན། ༤༡ ནམ་མཁའ་ཁྱུང་རྫོང༌། ༤༢ ཐུབ་བསྟན་དར་རྒྱས་གླིང༌། ༤༣ ཐུབ་བསྟན་ཆོས་འཁོར་གླིང༌། ༤༤ ཐུབ་བསྟན་མདོ་སྔགས་ཆོས་གླིང༌། ༤༥ ཀཿཐོག་གཞི་ཆེན་བཻ་རོ་གླིང༌། ༤༦ ཟངས་མདོག་དཔལ་རི་དགོན། ༤༧ རིག་འཛིན་ཕོ་བྲང༌། ༤༨ རིག་འཛིན་རྣམ་གྲོལ་གླིང༌། ༤༩ མདོ་སྔགས་ཆོས་གླིང༌། ༥༠ པདྨརིག་འཛིན་གླིང་བཅས་སོ། དགོན་སྡེ་དེ་དག་གི་ལོ་རྒྱུས་མདོར་བསྡུས་རེ་ནི་གཏོར་བཤིག་དང་གསར་བསྐྲུན་གྱི་བང་རྩལ་ཞེས་པའི་དེབ་དེའི་ནང་དུ་བཀོད་འདུག་པས་དེར་གཟིགས་དགོས། རྫོགས་པ་ཆེན་པོའི་མན་ངག་སྙིང་པོའི་ཁམས།། ལས་ལྡན་གསེར་གྱི་ཕོར་བ་ལ་འཁྱིལ་བའི།། རྨད་བྱུང་རྐང་པ་བརྒྱད་པའི་འོ་མ་ཡིས།། ཨེ་ཝཾ་ལྷན་སྐྱེས་དགའ་བའི་བདེ་དྲོད་འཕེལ།། པད་འབྱུང་གདམས་པའི་སྦྲང་ཆང་ལ་བཏུང་བས།། ཟུང་འཇུག་འོད་ལུས་གྲུབ་པའི་རྣལ་འབྱོར་དང་།། མཁའ་ལ་བྱ་དང་ཆུ་ལ་གསེར་མིག་བཞིན།། མཆོག་ཐུན་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་མང་། ། སྟོང་གསུམ་གསེར་དུ་བསྒྱུར་ཡང་མི་ཁུགས་པའི། ། སྔ་འགྱུར་བསྟན་པའི་གསང་མཛོད་བདུད་རྩིའི་གཏེར། ། ཤར་ནུབ་འཇིག་རྟེན་ཟླུམ་པོའི་ཁྱོན་ཀུན་ཏུ། ། དབྱར་གྱི་མཚོ་བཞིན་བརྟས་འདིར་སུ་མི་གུས། །ཞེས་ཀྱང་སྨྲས་སོ།།