ཚད་མ་
ཚད་མ་ནི་ནང་པའི་ཤེས་རིག་ཏུ་ཤེས་པའི་རིགས་པ་དང་གྲུབ་མཐའི་གཞི་རྩ་ཞིག་ཡིན་ཏེ། རང་བཞིན་གྱིས་མ་བསླུ་བའི་ཤེས་པ་ལ་གོ་དགོས།
ནང་དོན།
[རྩོམ་སྒྲིག]ཚད་མ་ཞེས་པའི་ཐ་སྙད་འདི་གཙོ་བོ་དབུ་མ་པའི་ལུགས་ཀྱི་ནང་དུ་ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་གཉིས་ཀྱི་དབྱེ་བ་དང་འབྲེལ་ནས་གླེང་ཡོད། ཚད་མ་ནི་ཡུལ་གང་རུང་ཞིག་ངེས་པར་གཟུང་ནུས་པའི་འཁྲུལ་མེད་ཀྱི་ཤེས་པ་ཞིག་ཡིན།
འགྲེལ་བཤད།
[རྩོམ་སྒྲིག]ཚད་མ་ནི་སྤྱིར་བཏང་ཤེས་པའི་རིགས་ལ་བྱས་ནས། རང་ཡུལ་ལ་མ་བསླུ་བའི་ཤེས་པ་ལ་གོ་དགོས། ཚད་མ་འདིའི་ཐད་ལ་རྩོད་པ་ཆེན་པོ་གཅིག་ཡོད་པ་ནི། ཐ་སྙད་པའི་ཚད་མ་ཐམས་ཅད་དོན་དམ་པར་ཚད་མ་ཡིན་མིན་གྱི་གནད་དོན་ཡིན།
ཐུབ་པའི་བཀའ་ཚད་མ།
ཐུབ་པའི་བཀའ་ཚད་མ་ཡིན་པའི་ཚུལ་གསལ་འདུག "ཐུབ་པ་ཐམས་ཅད་མཁྱེན་པའི་བཀའ་ལ་ནི་བརྫུན་མི་མངའ་ཞིང་ཚད་མ་ཡིན་ཕྱིར་བསྟན་བྱའི་དོན་ལ་ནམ་ཡང་མི་བསླུ་བས་"[༡]ཞེས་སངས་རྒྱས་ཀྱི་བཀའ་ནི་ཚད་མ་ཡིན་ཞིང་བསྟན་བྱའི་དོན་ལ་ནམ་ཡང་མི་བསླུ་བར་གསུངས་འདུག
ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ།
"ཐ་སྙད་པའི་ཚད་མ་ཐམས་ཅད་དོན་དམ་པར་ཚད་མ་མ་ཡིན་པའི་ཕྱིར་རོ། །"[༢]ཞེས་པ་ལྟར་དབུ་མ་པའི་ལུགས་ཀྱིས་ཐ་སྙད་པའི་ཚད་མ་རྣམས་དོན་དམ་པར་ཚད་མ་མིན་པར་འདོད་འདུག
དེ་ཡང་ཚད་མ་ཞེས་པ་འདི་དུས་གཉིས་སུ་དབྱེ་ཆོག་པ་ནི། ཐ་སྙད་དུ་ཚད་མ་དང་དོན་དམ་པར་ཚད་མ་གཉིས་སུ་ཡིན། ཐ་སྙད་པའི་ཚད་མ་ནི་རྣམ་གྲངས་པའི་ས་ན་ཚད་མ་ཆགས་ཀྱང་། དོན་དམ་པའི་ངོས་ནས་བལྟས་ན་ཚད་མ་མ་ཡིན་པར་འདོད།
གྲངས་ཅན་པའི་ལུགས་ལ་རྩོད་པ།
གྲངས་ཅན་པའི་ལུགས་ལ་རྩོད་པ་བྱས་ཡོད་པ་ནི། "གང་འཇལ་བྱེད་ཀྱི་ཚད་མ་ཐམས་ཅད་ཀྱང་ཡང་དག་པར་ཚད་མ་མིན་པར་འདོད་ན་དེས་གཞལ་བའི་ཆོས་ཀྱང་བརྫུན་པར་མི་འགྱུར་རམ། དབུ་མ་པ་ཉིད་ཀྱི་རྣམ་པར་དཔྱོད་པ་དེ་ཉིད་ལྟར་དུ་དཔྱད་ན་སྟོང་པ་ཉིད་ཀྱང་མི་འགྲུབ་པས་སྟོང་ཉིད་སྒོམ་པ་དེ་ཡང་མི་འཐད་པར་འགྱུར་རོ་ཞེ་ན།"[༣] ཞེས་པ་ལྟར་ཚད་མ་ཐམས་ཅད་མ་ཡིན་ན་སྟོང་ཉིད་ཀྱང་མི་འགྲུབ་པར་འགྱུར་རམ་སྙམ་པའི་རྩོད་པ་བྱས་འདུག
དབུ་མ་པའི་ལན།
[རྩོམ་སྒྲིག]དབུ་མ་པས་གོང་གི་རྩོད་པའི་ལན་དུ། "བརྟག་པའི་སྟེ་བརྟག་པར་བྱ་བའི་དངོས་པོ་བུམ་སོགས་ལྟ་བུ་དེ་ལ་མ་རེག་པའམ་མ་བརྟེན་པར་ནི་བུམ་མེད་ལྟ་བུ་དངོས་པོ་དེ་ཡི་དངོས་མེད་ཡན་གར་དུ་ནམ་ཡང་འཛིན་པ་མ་ཡིན་ཏེ།"[༤] ཅེས་ལན་བཏབ་འདུག དེ་ཡང་དབུ་མ་པས་སྟོང་ཉིད་འགྲུབ་པར་འདོད་ཀྱང་། དེ་འགྲུབ་པའི་ཚད་མ་དེ་ཉིད་དོན་དམ་པར་ཚད་མ་མིན་པར་ཁས་ལེན། "ཤེས་བྱ་ཆོས་ཅན། ཁོ་བོ་ཅག་ལ་སྟོང་ཉིད་འཇལ་བའི་ཚད་མ་རྫུན་པ་དང་དེས་བཞག་པའི་སྟོང་པ་ཉིད་ཀྱང་རྫུན་པ་ཡིན་པར་ཆེས་འཐད་དེ།"[༥] ཅེས་གསུངས་འདུག དེ་བཞིན་དུ་"བློས་བཏགས་པའི་དངོས་པོ་ལ་མ་རེག་སྟེ་དེ་ཡུལ་དུ་མ་བྱས་པར་དེའི་དངོས་པོ་མེད་པ་བློས་འཛིན་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་མ་བཟུང་བས་དེ་ཤི་བ་མི་འཛིན་པ་བཞིན་ནོ། །"[༦]ཞེས་དངོས་མེད་དངོས་ལ་ལྟོས་པའི་ཚུལ་གསུངས་འདུག
འཇིག་རྟེན་པའི་ཚད་མ།
[རྩོམ་སྒྲིག]"འཇིག་རྟེན་པའི་མཐོང་བ་ཚད་མ་ཡིན་ནོ་ཞེས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། ཚད་མ་ཉིད་མིན་ཏེ་དེའི་ཤེས་པ་ཚད་མ་མ་ཡིན་པ་ཉིད་ལ་གསལ་བར་མཐོང་བ་ཡང་མེད་པ་ཉིད་དོ། །"[༧]ཞེས་པ་ལྟར་འཇིག་རྟེན་པའི་ཤེས་པ་ཚད་མ་མ་ཡིན་པར་གསུངས་འདུག "འཇིག་རྟེན་པ་ལའང་ཡོད་མོད་ཀྱི་རྒྱུའི་གནས་སྐབས་འཇིག་རྟེན་པའི་བློ་ཐམས་ཅད་ཚད་མ་མིན་པས་མི་རྟོགས་པར་འདོད་ན་ནི་བློ་དེས་འབྲས་བུ་ཉིད་གསལ་བར་མཐོང་བའང་བདེན་པ་མ་ཡིན་པར་འགྱུར་ཏེ། བློ་འཁྲུལ་པའི་ཡུལ་ཡིན་པས་སོ། །"[༨]ཞེས་འཇིག་རྟེན་པའི་ཚད་མ་མིན་པའི་རྒྱུ་མཚན་གསལ་བར་གསུངས་འདུག དེ་ཡང་"གལ་ཏེ་འཇིག་རྟེན་གྱིས་མ་མཐོང་བ་སྐྱོན་མིན་ཏེ་འཇིག་རྟེན་ཚད་མ་ཉིད་མིན་ནོ་སྙམ་ན། འོ་ན་སྐྱེ་བ་སོགས་གསལ་བར་མཐོང་བའང་བདེན་པ་མ་ཡིན་ལ།"[༩] ཞེས་འཇིག་རྟེན་པའི་མཐོང་བ་ཚད་མ་མིན་ན་དེས་མཐོང་བ་ཐམས་ཅད་བདེན་པ་མ་ཡིན་པར་འགྱུར་བར་གསུངས། "གལ་ཏེ་དབུ་མ་པའི་ལུགས་ལ་ཡུལ་འཇལ་བྱེད་ཀྱི་ཚད་མ་རྣམས་ཀྱང་ཚད་མ་མིན་ཏེ་འཁྲུལ་པ་ཡིན་ན་དེས་གཞལ་བའི་སྟོང་ཉིད་ཀྱང་བརྫུན་པར་མི་འགྱུར་རམ་སྟེ། འགྱུར་བ་དེའི་ཕྱིར་དེ་ཉིད་དུ་སྟོང་པ་ཉིད་སྒོམ་པའང་མི་འཐད་པར་འགྱུར་རོ་ཞེ་ན་བློས་བཏགས་པའི་དངོས་པོ་ལ་མ་རེག་སྟེ་དེ་ཡུལ་དུ་མ་བྱས་པར་དེའི་དངོས་པོ་མེད་པ་བློས་འཛིན་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་མ་བཟུང་བས་དེ་ཤི་བ་མི་འཛིན་པ་བཞིན་ནོ། །"[༡༠]ཞེས་པའི་རྩོད་པའི་ལན་དུ་དགག་བྱ་བརྫུན་པའི་དངོས་པོ་བཀག་པའི་དངོས་མེད་གསལ་བར་བརྫུན་པར་གསུངས་འདུག
མཚན་ཉིད།
[རྩོམ་སྒྲིག]ཚད་མ་ནི་རང་ཡུལ་ལ་མ་བསླུ་བའི་ཤེས་པ་ཞིག་ཡིན་ཏེ། དེ་ཡང་ཐ་སྙད་དུ་ནི་ཡུལ་ངེས་པར་གཟུང་ནུས་ཀྱང་། དོན་དམ་པར་ནི་རང་བཞིན་གྱིས་མ་གྲུབ་པ་ཞིག་ཡིན། མདོ་སྡེ་པའི་ལུགས་ལྟར་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འདོད་ལ་དབུ་མ་ཐལ་འགྱུར་བ་ལྟར་ན་མི་བསླུ་བའི་ཤེས་པ་ཙམ་ཞིག་ཚད་མའི་མཚན་ཉིད་དུ་གསུངས་ནས་བཅད་ཤེས་ཀྱང་ཚད་མར་བཞེད་དོ། །
དབྱེ་བ།
[རྩོམ་སྒྲིག]ཚད་མ་ལ་དབྱེ་ན། ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་གཉིས་སུ་དབྱེ་ཆོག གཞན་ཡང་མངོན་སུམ་དང་རྗེས་སུ་དཔག་པ་སོགས་ཀྱི་དབྱེ་བ་ཡང་ཡོད།
བསྡུས་དོན།
[རྩོམ་སྒྲིག]ཚད་མ་ནི་ནང་པའི་ཤེས་རིག་གི་གཞི་རྩ་ཞིག་ཡིན་ཏེ། དབུ་མ་པའི་ལུགས་ཀྱིས་ཚད་མ་ལ་ཐ་སྙད་དང་དོན་དམ་གཉིས་སུ་དབྱེ་ནས། ཐ་སྙད་དུ་ཚད་མ་ཆགས་ཀྱང་དོན་དམ་པར་ཚད་མ་མ་ཡིན་པར་འདོད། འོན་ཀྱང་དེས་སྟོང་ཉིད་ཀྱི་རིགས་པ་ལ་གནོད་པ་མེད་ཅིང་། སྟོང་ཉིད་སྒོམ་པ་ལའང་གནོད་པ་མེད་པར་གསུངས། དེ་བཞིན་སངས་རྒྱས་ཀྱི་བཀའ་ནི་ཚད་མ་ཡིན་ཞིང་བསྟན་བྱའི་དོན་ལ་མ་བསླུ་བ་ཞིག་ཡིན། ཚད་མ་ཞེས་པ་ནི་གདོད་ནས་རང་བཞིན་གྱིས་མ་གྲུབ་ཀྱང་། ཐ་སྙད་པའི་ས་ནས་ནི་ཡུལ་ངེས་པར་གཟུང་ནུས་པའི་ཤེས་པ་ཞིག་ཡིན་པས། རང་རང་གི་ཚད་ལ་བབ་ནས་ལས་དོན་སྒྲུབ་པར་ནུས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།