Jump to content

ཚངས་གསར་བློ་གྲོས་རིན་ཆེན་རྣམ་ཐར་

ཡོང་ཁུངས་Wikipedia

༈ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་སུམ་ལྡན༧རྗེ་བཙུན་བླ་མ་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་རིན་ཆེན་མཆོག་གི་རྣམ་པར་ཐར་པ་དང་

འབྲེལ་བའི་གསུང་འབུམ་དཀར་ཆག་བཀྲ་ཤིས་སྙན་པའི་

སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།  །

རྩོམ་པ་པོ། བསྟན་འཛིན་རྣམ་རྒྱལ།

ན་མོ་གུ་རུ་མ་ཏི་རཏྣ་ཡེ། །

ཕྱོགས་དུས་རབ་འབྱམས་སྲས་བཅས་རྒྱལ་ཀུན་གྱི།  །

མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཡོན་ཏན་དཔྱིད།   །

ཁམས་གསུམ་རིས་མེད་འགྲོ་བའི་དཔུང་གཉེན་དུ།    །

གཟུགས་སྐུའི་སྒྱུ་འཕྲུལ་ཅིར་ཡང་འཆར་དེར་འདུད། །

ཁྱད་པར་རྩོད་ལྡན་སྙིགས་མ་ལྔ་བདོའི་གདུལ་དཀའི་འགྲོ་ཀུན་དམིགས་མེད་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོ་ཡིས།  །

ནམ་ཡང་མི་གཏོང་ཐུགས་བསྐྱེད་གོ་ཆ་པད་དཀར་ལྟར་འཕགས་མཐུ་སྟོབས་རྡོ་རྗེ་ལྟ་བུར་ཆེར་འབར་བ།  །

སྟོན་པ་མཚུངས་མེད་ཤཱཀྱ་སེང་གེ་སྤྲུལ་པའི་སྐུ་མཆོག་པདྨ་ཀ་ར་མདོ་སྔགས་བསྟན་པའི་

བདག  །

གང་ནས་ལེགས་འོང་འཕགས་བོད་མཁས་གྲུབ་ཕྲེང་བ་རིམ་བྱོན་ཁྱད་པར་སྒྲུབ་བརྒྱུད་ཉི་ཟླའི་གཟི་འབར་བ།  །

སྙིང་པོའི་དོན་བརྒྱུད་འབའ་རོམ་གསེར་གྱི་རི་དབང་ཚར་དུ་དངར་རྣམས་སྒོ་གསུམ་གུས་པས་ཕྱག་གི་གནས།  །

སྙིགས་དུས་དམུ་རྒོད་གདུལ་དཀའི་འགྲོ་རྣམས་ལ།    ། 

སྲིད་ཞིའི་མཐའ་ལ་འཇིགས་མེད་རྡོ་རྗེའི་མཐུས། །

ཚར་གཅོད་རྗེས་འཛིན་གྲུབ་པའི་དབང་པོ་ཆེ། །

པདྨ་དབང་ཆེན་སྤྱི་གཙུག་རྒྱན་དུ་རོལ།  །

གང་གི་རྣམ་ཐར་ཟབ་གསང་ནམ་མཁའི་ཁམས།  །

རྗེས་འཇུག་བློ་ཡི་ཁབ་མིག་ལས་དྲངས་པའི།  །

མ་འོངས་དད་ལྡན་དྭངས་བ་འདྲེན་པའི་གཏམ། །    

སྐལ་བཟང་རྣ་བའི་དཔྱིད་དུ་བསྒྲེང་ལ་སྤྲོ།  །

ཞེས་མཆོད་པར་བརྗོད་པའི་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ། སྐབས་སུ་བབས་པའི་གང་གླེང་བར་བྱ་བ་ནི།  ཕྱོགས་དང་དུས་ཀྱིས་བསྡུས་པའི་རྣམ་འདྲེན་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཡེ་ཤེས་ཀྱི་མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ།  སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་འཆང་བ། འཆི་མེད་མཚོར་འཁྲུངས་པདྨ་ཀ་རའི་ཞལ་ཚབ། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆོས་རྗེ་འབའ་རོམ་པ་ཆེན་པོ་དར་མ་དབང་ཕྱུག་བསམ་བཞིན་མི་ཡི་སྲིད་པར་བཟུང་བ།  སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་མའི་བསྐལ་ངན་དུས་ཀྱི་ཁུག་ཆེན་གསོ་བའི་དད་དཔོན།  བདག་འདྲ་ལས་ཉོན་དྲག་པོའི་ཁུར་ཆེན་གྱིས་ནོན་ཞིང་། ཤིན་ཏུ་གདུལ་དཀའི་མི་བསྲུན་སྐྱེ་བོ་རྣམས་ཚར་གཅོད་རྗེས་འཛིན་ཚད་མེད་ཐུགས་རྗེ་ཆེན་པོའི་མངའ་བདག སྒྲུབ་བརྒྱུད་སྙིང་པོ་འབའ་རོམ་བཀའ་བརྒྱུད་ཀྱི་ཐབས་གྲོལ་གདམས་པ་ཚང་ལ་མ་ནོར་བ་རྣམས་ཐུགས་བསྐྱེད་ཀྱི་གོ་ཆ་བརྟན་པོས་བདག་གིར་བཞེས་ནས།  བསྟན་པའི་རྩ་ལག་ཆེན་པོ་རུ་བཞུགས་པ།     ངེས་དོན་ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱི་རྒྱུན་དང་།   བཀའ་གསང་རྫོགས་པ་ཆེན་པོའི་མན་ངག  འོད་གསལ་སྙིང་ཐིག་གི་སྨིན་གྲོལ་གྱིས་གདུལ་བྱ་སྐལ་པར་ལྡན་པ་རྣམས་བྱང་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང།  ཐུན་མིན་ཟབ་གཏེར་གྱི་གསང་མཛོད་བདག་གིར་བཞེས་པའི་མཐུ་བྱིན་གྱིས་ཡངས་པའི་འཇིག་རྟེན་སྤྱི་དང་། ཁྱད་པར་གངས་ཅན་བསྟན་འགྲོ་རིས་མེད་སྙིགས་དུས་བསྐལ་ངན་གསུམ་གྱི་དུཿ ཁ་ལས་དགྲོལ་ནས།  གསར་འཆར་རྫོགས་ལྡན་གྱི་གནས་ལ་བཀོད་དེ། སྒྲུབ་བརྒྱུད་བསྟན་བའི་མེ་རོ་རྨིང་ནས་གསོས་པས་མཚོན། རྒྱལ་བསྟན་མདོ་སྔགས་ཀྱི་གཞུང་གདམས་མན་ངག་ཟབ་མོས་དབུ་དྲངས། ཐུན་མོང་སྨན་རྩིས་རིག་གཞུང་དུ་མས་མཐའ་རྒྱན་པའི་མཛད་བཟང་གིས་འགྲོ་བའི་རྩ་ལག་མཆོག་ཏུ་གྱུར་པ།  རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོ།  ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན།  ༧རྗེ་བཙུན་བླ་མ་ཚངས་གསར་འཇམ་དབྱངས་བློ་གྲོས་རིན་ཆེན།      ཁྲག་འཐུང་འཇིགས་མེད་དབང་པོ། འཇིགས་བྲལ་པདྨ་དབང་ཆེན།  ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་བློ་གྲོས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ།  ཀརྨ་རིག་འཛིན་ཆོས་འཕེལ།  ཕན་བདེ་རྒྱ་མཚོ།     པདྨ་དབང་ཆེན་བགྱེས་པའི་རྡོ་རྗེ།  ལྷན་སྐྱེས་བདེ་བའི་རྡོ་རྗེ།  འཇིགས་བྲལ་དབང་པོའི་སྡེ། བྱ་བྲལ་འོད་ཟེར་གོ་ཆ།    གཏད་མེད་ཡེ་བབས་ལྷུན་འབྱམས་སོགས་སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་མང་དུ་མངའ་བའི་བདག་ཉིད་ཆེན་པོ་གང་གི་སྤྲུལ་གཞི་སྐྱེས་རབས་ཀྱི་ཕྲེང་བའང་། ཞལ་གསུང་བླ་སྒྲུབ་ཡེ་ཤེས་སྤྲིན་ཆེན་ལས།     གྲུབ་པའི་དབང་ཕྱུག་ཏིལ་རྡུང་གླིང་ཆེན་རས།  །རྒྱལ་སྲས་ཚུལ་ཁྲིམས་སེང་གེ་དྲུང་རྨ་སེ།  ། ད་ལྟ་སྦས་ཚུལ་སྔགས་རིགས་གདོལ་སྤྱོད་འཆང་། །ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་འདེབས།  །ཞེས་པ་ལྟར་འཕགས་ཡུལ་གྲུབ་བརྒྱའི་དབང་ཕྱུག་ཏཻ་ལོ་པ་དང་།    བླ་མ་རྡོ་རྗེ་གདན་པ་ཆེན་པོ།  ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་པ།    རྒྱལ་བ་འབའ་རོམ་པ་ཆེན་པོ་དར་མ་དབང་ཕྱུག གླིང་རས་པདྨ་རྡོ་རྗེ།  རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ། སྙན་བརྒྱུད་ནོར་བུ་རྣམ་གསུམ་གྱི་གསང་མཛོད་ལ་མངའ་དབང་བསྒྱུར་བའི་དྲུང་རྨ་སེ་བློ་གྲོས་རིན་ཆེན། ཚངས་གསར་ཆོས་འཁོར་སྐུ་ཕྲེང་རིམ་བྱོན་སོགས་གཅིག་དང་དུ་མའི་གར་གྱི་རྣམ་རོལ་དུ་འཆར་བ་གང་གི་སྐུ་ཚེ་འདིའི་རྣམ་ཐར་ཚུར་མཐོང་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་སྤྱི་བརྟོལ་བསྐྱེད་དེ་བརྗོད་པ་ལ་སྤྱི་དོན་གཉིས། 

རྣམ་ཐར་སྙིང་བསྡུས་ཀྱིས་བཤད་པ་དང་།    གསུང་འབུམ་དཀར་ཆག་ཞིབ་གསལ་དུ་བཀོད་པའོ། །

དང་པོ་ལའང་གསུམ།

     ཐོག་མར་དགེ་བ་མཆོག་གི་སྤྲུལ་སྐུའི་མཚན་དཔེའི་པདྨོ་གདུལ་བྱའི་དཔལ་དུ་བཞད་ནས། འཇིགས་བྲལ་ཆོས་ཀྱི་རྒྱལ་ཐབས་ལ་མངའ་གསོལ་ཏེ། ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ལས། མདོ་སྔགས་ཆོས་ཚུལ་རིག་གནས་དང་བཅས་པར་གསན་བསམ་ཇི་ལྟར་གནང་བ་དང་འབྲེལ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རང་གཞན་དོན་གཉིས་ཀྱི་མཛད་པ་ཡུལ་དུས་ཐུན་མོང་དང་འབྲེལ་ཚུལ་གྱི་སྐབས།

བར་དུ་དགེ་བ་སྒྲུབ་བརྒྱུད་སྙིང་པོའི་ཐབས་གྲོལ་གྱི་གདམས་པ་ལ་གནད་དུ་བསྣུན་པས།  ནང་སྤང་རྟོགས་ཀྱི་ཡོན་ཏན་རྩལ་དུ་འབར་ཞིང་།  གཞན་ཡང་ཟབ་གཏེར་གསང་བའི་གན་མཛོད་བདག་གིར་བཞེས་ནས།   འགྱུར་མེད་རྡོ་རྗེའི་དགོངས་པའི་གཏད་རྒྱ་རྣམ་པར་གྲོལ་བའི་སྐབས།     

ཐ་མར་དགེ་བ་སྒྲུབ་བརྒྱུད་སྙིང་པོའི་གདམས་ཟབ་ཀྱི་གཙོས་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་ཕབས་ནས། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ།  གཟུགས་སྐུ་ཞི་བ་ཆེན་པོའི་ནང་དབྱིངས་སུ་བསྡུས་ནས་ཟུང་འཇུག་རྡོ་རྗེའི་གོ་འཕང་མངོན་དུ་བརྙེས་པའི་སྐབས་དང་གསུམ་ལས། 

ཐོག་མར་དགེ་བ་མཆོག་གི་སྤྲུལ་སྐུའི་མཚན་དཔེའི་པདྨོ་གདུལ་བྱའི་དཔལ་དུ་བཞད་ནས། འཇིགས་བྲལ་ཆོས་ཀྱི་རྒྱལ་ཐབས་ལ་མངའ་གསོལ་ཏེ། ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ལས། མདོ་སྔགས་ཆོས་ཚུལ་རིག་གནས་དང་བཅས་པ་གསན་བསམ་ཇི་ལྟར་གནང་བ་དང་འབྲེལ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རང་གཞན་དོན་གཉིས་ཀྱི་མཛད་པ་ཡུལ་དུས་ཐུན་མོང་དང་འབྲེལ་ཚུལ་གྱི་སྐབས་ལ།    

གང་ཉིད་སྐུ་འཁྲུངས་པའི་གནས་ནི། གངས་ཅན་སཱ་ལའི་སྨན་ལྗོངས་མདོ་དབུས་ཁམས་གསུམ་དུ་གྲགས་པའི་ནང་ཚན།  མདོ་སྟོད་མི་ཡི་ཆོལ་ཁ་ལས། མདོ་ཁམས་ལུང་པ་ཕྱུག་དྲུག་གི་ཡ་གྱལ། འབྲི་ཀླུང་དམ་པ་ཆོས་ཀྱིས་ཕྱུག་པའི་ཡུལ་ཁམས། ཁམས་སྒོམ་སྡེ་ནང་ཆེན་ནང་སྡེ་ཤོག་ཆེན་བཅོ་བརྒྱད་ཀྱི་བྱེ་བྲག   ཚངས་གསར་གྲྭ་ནང་ཞེས་ཚངས་གསར་དཔོན་རྒྱུད་ཀྱིས་སྐྱོང་བའི་ས་ཡི་ཐིག་ལེ།  ལྕི་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ལྷོ་ངོས།    འགྲམ་ཁ་ཡི་གཡས་ཟུར་ས་ལ་དགེ་བཅུའི་མངོན་པར་ཕྱུག་པའི་འཛོམ་བུ་ཁ་ཞེས་པར།  གདུང་རིགས་སཱ་ལ་ཆེན་པོའི་ལྗོན་ཤིང་ལྟར་འཕགས་པའི་བསྐྱེད་ཡབ། ཚངས་གསར་དཔོན་བསྟན་འཛིན་རྣམ་རྒྱལ་དང་། ཡུམ་རིགས་ལྡན་མཚན་བཟང་མ་ས་གཟའ་ནོར་གཡང་གཉིས་ཀྱི་སྲས་སུ།  བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ༡༩༡༥ལོའི་སྣྲོན་ཟླའི་གྲལ་ཚེས་དགེ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ།   མཚན་དཔེའི་ཟླ་ཞལ་མངོན་དུ་བཞད།

དགུང་གྲངས་གཉིས་ཀྱི་ཐོག་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མདོ་ཁམས་སྨད་ཕྱོགས་སུ་ཆིབས་བསྒྱུར་གནང་ནས། ཡར་དབུས་སུ་ཕེབས་དུས་དཔལ་ཁའི་དཀར་ཟོམ་ལེབ་ཏུ་བཞུགས་སྒར་གྲ་སྒྲིག་དང་།  ཆོས་ཁྲི་ཆེན་པོ་བརྒྱབ་སྟེ། དཔལ་ཡོབ་གཏམ་གསུམ། ཚངས་གསར་གྲ་ནང་། སྡོམ་པ།  སྤམ་དིལ་ཡག། ཇ་འཛོ།  སྐྱོ་བྲག་སོགས་ཀྱི་བླ་མ་དགོན་སྡེ་གྲྭ་ཚང་དང། དཔོན་ཁག་ཡུལ་སྡེའི་ཁྲོམ་ཚོགས་ཁྲི་སྟོང་མང་པོས་རྒྱལ་དབང་རིན་པོ་ཆེའི་གསེར་ཞལ་མཇལ་ཞིང་།  སྨིན་གྲོལ་ཞབས་དབང་ཞུ་བར་འདུས་སྐབས།   ཡུམ་གྱིས་གང་ཉིད་སྣམ་ཕྲག་ཏུ་བཅུག་སྟེ་གསེར་ཞལ་མཇལ་བས།  རྒྱལ་དབང་རིན་པོ་ཆེས་ཞལ་ནས། འབའ་རོམ་དར་མ་དབང་ཕྱུག་ཕེབས་བྱུང་གསུངས་ཏེ་ཉིད་ཀྱིི་སྐུ་པང་དུ་བཞེས་པར་གྲགས།

དགུང་ལོ་གསུམ་གྱིི་ཐོག དཔལ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཚངས་གསར་གནམ་དགོན་གྱི་བླ་མ་ཙ་མི་སངས་རྒྱས་གྲགས་པའི་རྣམ་འཕྲུལ།  གུ་རུ་དྷརྨ་ཙཀྲའམ་བླ་མཁྱེན་ཆོས་འཁོར་གྱི་སྐུ་ཕྲེང་བཞི་པར་ངོས་འཛིན་གནང་། མཚན༧ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་བློ་གྲོས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་གསོལ།  དགུང་ལོ་བཞི་ཐོག་ཚངས་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་གི་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་མི་འཇིགས་གདོང་ལྔས་སྟེགས་པའི་གསེར་ཁྲིར་མངའ་གསོལ།      ཡོངས་འཛིན་ཀརྨ་ཕྲིན་ལས་མདུན་ནས་ཡི་གེ་འབྲི་ཀློག་དང་།  རང་དགོན་གྱིི་ཆོ་གའི་བཅའ་ཕྱག་ལེན།  གར་ཐིག་དབྱངས་རོལ།  སྨན་རྩིས། ས་རིས་སོགས་རིག་གནས་སྐོར་ཞིབ་ཁྲིད་མཛད་པས། སྐུ་ཚེགས་ངལ་བ་གང་ཡང་མ་དགོས་པར་མཐར་ཕྱིན།  སྐྱེས་ཐོབ་ཀྱི་མཁྱེན་རབ་གཞན་དྲིང་མི་འཇོག་པའི་རྩལ་འབར་ཞིང་།  རིས་སུ་མ་ཆད་པའི་འགྲོ་ལ་བྱམས་པ་དང་།  སྙིང་རྗེ་ཆེ་བ།  ཐུགས་སྒམ་སྤྱོད་གཙང་སོགས་དམ་པའི་ངང་ཚུལ་ལ་ཀུན་གྱིས་དྭངས་བ་འདྲེན་པ་དང་།  བྱིན་རླབས་ནུས་རྩལ།  ལྐོག་གྱུར་མངོན་མཁྱེན་སོགས་ངོ་མཚར་གྱི་རྣམ་ཐར་དུ་མ་ཚུར་མཐོང་གི་སྤྱོད་ཡུལ་དུ་གསལ།

དགུང་གྲངས་བརྒྱད་ཕེབས་སྐབས།  དེལ་ཡག་དགོན་དུ་ཟླ་བཟང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ། ངེས་དོན་བསྟན་པའི་རྒྱལ་མཚན་མདུན་དུ་ཕེབས་ནས། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཐུགས་དམ། སྨིན་གྲོལ་གདམས་པ་སོགས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་ལ་ཅི་གར་རོལ།  སྡོམ་གསུམ་བདུད་རྩིའི་ཟབ་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད་དེ། ཐུན་མིན་གྱི་བརྒྱུད་འཛིན་དུ་དབུགས་དབྱུང་བསྩལ།  རིགས་བརྒྱའི་ཁྱབ་བདག་ཚངས་གསར་འཆི་མེད་གྲུབ་པའི་རྡོ་རྗེ་དང་།  གྲུབ་དབང་སེར་རྩ་བསོད་ནམས་རྒྱལ་མཚན།  ཀརྨ་ལུང་རིགས་རྣམ་རྒྱལ་གསུམ་ཀའི་མདུན་ནས།  འབའ་རོམ་རང་ལུགས་ཚངས་གསར་པའི་ཡབ་ཆོས་མཐའ་དག་ཚང་ལ་མ་ནོར་བར་ཕ་ནོར་བུ་ལ་གནང་བ་བཞིན་བསྩལ་ཏེ། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དུ་མངའ་གསོལ།

 གཞན་ཡང་སྔ་རྗེས་ཅི་རིགས་ལ་ཚངས་གསར་སྤྲུལ་སྐུ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་འཆི་མེད་གྲུབ་པའི་རྡོ་རྗེ་ལས།   འབའ་རོམ་པའི་ཆོས་སྐོར་དང་།  མཆོག་གླིང་གཏེར་གསར།   རྒྱལ་བའི་བཀའ་འགྱུར་ཆེན་མོའི་བཀླག་ལུང་སོགས་ཆོས་དང་གདམས་པ་མཐའ་ཡས་པ་གསན།   མཁས་པའི་དབང་པོ་དམ་པ་ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོའི་གསེར་ཞལ་ཐོག་མར་མཇལ་སྐབས། དག་པའི་གཟིགས་སྣང་བཞིན་རྗེ་འདི་པ་དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱི་རྣམ་འཕྲུལ་ཡིན་པར་ཞལ་གྱིས་བཞེས་ཤིང་།  མཚན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞེས་བསྩལ།  གདམས་ངག་རིན་ཆེན་མཛོད་དང་།  ཀློང་ཆེན་མཛོད་བདུན།  འཇིག་གླིང་པོད་གཉིས་སོགས་མདོར་ན་ཁྱུང་སྤྲུལ་རིན་པོ་ཆེ་ཞིང་དུ་མ་ཕེབས་བར་ཟབ་རྒྱས་ཆོས་ཀྱི་གདམས་ཟབ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་ཐུགས་བརྒྱུད་འཕོས་པར་གྲགས་ཤིང་།  རྗེ་འདིའི་སློབ་མའི་གཙོ་བོར་གྱུར།   འབའ་རོམ་རང་ལུགས་ཀྱི་རྩ་གསུམ་ཆོ་ག་སྤྱི་དང་།  གསོལ་བསྐང་སོགས་གསར་རྩོམ་ཞུན་མཐར་ལེགས་པར་གནང་། དཔོན་སློབ་འདི་གཉིས་ཀྱི་དྲིན་ལས་འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པའི་ཕྱག་རྒྱུན།  ཕྱི་དུས་རང་རྐང་ཡོད་པ་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་འདི་བཞིན་ལགས།

ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་ལས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཛད་ནས། ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད།  མཁྱེན་རྟོགས་རྗེ་ཉིད་དང་མཉམ་པར་ཞལ་གྱིས་བཞེས་ཤིང་།  སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་པའི་གསལ་བྱེད་དུ་མངའ་གསོལ། རིགས་བདག་ཡོངས་འཛིན་རྣམ་གསུམ་ལས་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྐུ་ཕྲེང་གཉིས་པ་ཀརྨ་ངག་དབང་བློ་གྲོས་རབ་འཕེལ་མདུན་ནས། སྔ་རྗེས་ཅི་རིགས་པར་སྨན་རྩིས་སོགས་རིག་གནས་སྐོར་དང་།   གཞུང་གདམས་མན་ངག་སོགས་ལ་ཐོས་བསམ་མཛད།   རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་བཀའ་རྒྱ་དང་བཅས་པ་བསྩལ་ཏེ།  ཐུན་མོང་མ་ཡིན་པའི་བརྒྱུད་པ་གཏད།   

ཁྱད་པར་དུ་སྐྱེ་དང་ཚེ་རབས་ཕྲེང་བར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ།  སྒྲུབ་བརྒྱུད་སྙིང་པོའི་ཐབས་གྲོལ་གྱི་གདམས་པ་ཟུང་འཇུག་གྲུབ་པའི་གོ་སར་གཤེགས་པའི་ཤུལ་ཆེན་པོ་འདི་ཉིད་བཞེས་པའི་ཡུལ་ནི། 

བདེ་ཆེན་འབར་བའི་རྡོ་རྗེའི་ཐུགས་ཀྱི་སྲས་གཅིག གསང་བདག་རས་ཆུང་དངོས་སྣང་།  ཀརྨ་བཀའ་བརྒྱུད་བཀྲ་ཤིས་མཆོག་དང་།  ཁྱད་པར་གང་གི་ཐུགས་སྲས་སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ལས་འབའ་རོམ་སྙན་བརྒྱུད་ཐབས་ལམ་ན་རོ་ཆོས་དྲུག  གྲོལ་ལམ་ཕྱག་རྒྱ་ཆེན་པོ།  གསེང་ལམ་རིག་པ་རྐྱང་འདེད་སོགས་གདམས་ཟབ་བདུད་རྩིའི་སྙིང་ཁུ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས།  སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་པའི་བཙས་སུ་གྱུར།    གཞན་ཡང་སྐལ་བཟང་གདུལ་བྱའི་ལེགས་བྱས་ཀྱི་དཔལ་དུ་གྱུར་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་ཐོ་རག་རིམས་ཙམ་བཀོད་ན། སྒྲུབ་བླ་སེར་རྩ་ཀར་གྲགས། རླངས་ནག་མཁས་གྲུབ།     ངག་འཕྲིན་སྤྲུལ་སྐུ་བསམ་གཏན་རྒྱ་མཚོ། བླ་མ་གསང་སྔགས།  གཏེར་

སྲས་སྤྲུལ་སྐུ།  སྒྲུབ་བླ་ཀརྨ་རིག་འཛིན།  གད་ཆགས་མི་ནུབ་རྒྱལ་མཚན། སྐྱོ་བྲག་མི་འགྱུར་ཉི་མ། མགོན་པོ་བསྟན་གྲགས་སྤྲུལ་སྐུ།    འགྱུར་མེད་ཡེ་ཤེས།     རྟ་རྣ་ཨ་སྤེན།   སྒྲུབ་སྤྲུལ།         སྐྱོ་བྲག་གསལ་བསྟན་དུང་གསུམ།      ལྷོ་འབྲོང་སྤྲུལ་རྒྱལ་བའི་མྱུ་གུ།  སྤོ་ར་བླ་རྒན་ཀརྨ་ཆོས་འཕེལ།        བླ་རྒན་རབ་འབྱོར།   སྒམ་པོ་མཆོག་སྤྲུལ།       རྒྱལ་དབང་བཅུ་དྲུག་པ་རིག་པའི་རྡོ་རྗེ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། འབྲུག་ཆེན་ཐམས་ཅད་མཁྱེན་པ།  འབྲུག་ཡོངས་འཛིན་བདུན་པ།  གནས་ནང་དཔའ་བོ།  སྟག་ལུང་མ་སྤྲུལ།     བེ་རུ་མཁྱེན་བརྩེ།   དཔལ་སྤུང་དབོན་སྤྲུལ།  ཀར་སྲས་ཀོང་སྤྲུལ།  དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་སོགས་འབྲི་འབྲུག་ཡེལ་སྟག་འབའ་རོམ་གྱི་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ། སྐྱེས་ཆེན་གྲངས་མེད་ཞབས་ལ་གཏུགས་ནས།  སུམ་རྟགས་དག་གསུམ།  སྨན་རྩིས་སོགས་ཐུན་མོང་རིག་པའི་གནས་དང་། ནང་དོན་མདོ་སྔགས་བཀའ་གཏེར་མན་ངག་ཡན་ལག་དང་བཅས་པར་གསན་བསམ་མཛད།  

ཡོངས་འཛིན་རྣམས་ཀྱི་མཚན་སྡོམ་གསོལ་འདེབས་ཉིད་ཀྱིས་ཞལ་གསུང་མཛད་པ་ནི།  ན་མོ་གུ་རུ།  རྒྱལ་ཀུན་འགྲོ་ལ་ལྷག་པར་རྗེས་བརྩེ་བའི། །

མོས་པར་འཚམས་པའི་སྤྲུལ་པ་ཅིར་ཡང་སྟོན། །དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །

རང་བྱུང་རིག་པའི་རྡོ་རྗེ་ཀརྨ་ཀ།།དཔལ་ལྡན་སི་ཏུ་པདྨ་དབང་མཆོག་རྒྱལ། །སྒམ་པོ་མཆོག་སྤྲུལ་འབྲུག་པ་ཐམས་ཅད་མཁྱེན། །ཡོངས་འཛིན་བདུན་པ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་བསྟན་འཛིན་རྒྱ་མཚོ་པཎ་ཆེན་ཟུང་། །དཔའ་བོ་མཆོག་སྤྲུལ་རྨ་སྤྲུལ་རིན་པོ་ཆེ། །དབོན་སྤྲུལ་མཁྱེན་སྤྲུལ་ཀོང་སྤྲུལ་ལྷ་སྤྲུལ་པ། །སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས། །སི་ཏུ་མཆོག་སྤྲུལ་པདྨ་དོན་ཡོད་མཆོག །ཟླ་བཟང་ངེས་དོན་བསྟན་པའི་རྒྱལ་མཚན་ཞབས། །

ཐེག་མཆོག་བསྟན་འཕེལ་དཀོན་རྒྱལ་མཚན་དཔལ། །ངག་དབང་གྲགས་པ་བསོད་ནམས་རྒྱལ་མཚན་དང་། །འགྱུར་མེད་ཡེ་ཤེས་རྣམས་ལ་གསོལ་བ་འདེབས། །བསྟན་སྙིང་དུང་དཀར་བཀའ་བརྒྱུད་བཀྲ་ཤིས་མཚན། །བསམ་གཏན་རྒྱ་མཚོ་གཏེར་སྲས་གསང་སྔགས་དང་། །ཕུར་བུ་རབ་འབྱོར་སྒྲུབ་སྤྲུལ་མངོན་སྤྲུལ་པ། །ཀརྨ་བཟོད་པ་རྣམས་ལ་གསོལ་བ་འདེབས། །ཕྲིན་ལས་དབང་ཕྱུག་བསྟན་འཛིན་ཆོད་དར་དང་། །མི་ནུབ་རྒྱལ་མཚན་ཀརྨ་ཆོས་འཕེལ་ཞབས། །ཚེ་དབང་ཀུན་ཁྱབ་ཨོ་རྒྱན་རྣམ་མཁྱེན་དང་། །མི་འགྱུར་མཁའ་ཀློང་ཡང་པར་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་ཁྱུང་པོ་པད་འཕྲིན་རྗེ། །མན་ངག་དོན་སྟོན་འཆི་མེད་རྡོ་རྗེའི་ཞབས། །དྲིན་ཆེན་བླ་མ་འཇམ་མགོན་བློ་རབ་མཆོག  །བཀའ་དྲིན་སུམ་ལྡན་གསུམ་ལ་གསོལ་བ་འདེབས། །ཁྱད་པར་འབའ་རོམ་སྙིང་པོའི་བསྟན་སྲོག་འཛིན། །སྦས་པའི་རྣལ་འབྱོར་ཨིན་དྲའི་མཚན་འཛིན་པའི། །དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །རྩེ་གཅིག་གདུང་ཤུགས་དྲག་པོའི་གསོལ་བ་འདེབས། །ཞལ་མཇལ་གསུང་ཐོས་དབང་དང་གདམས་པ་བསྩལ། །བསྟན་པ་ཡོངས་རྫོགས་དོན་རྒྱུད་མན་ངག་གཏད། །རྣམ་མང་སློབ་དཔོན་རྗེས་དྲན་གསོལ་བཏབ་མཐུས། །བདག་ཅན་སྐལ་ངན་འཇིགས་ལས་སྐྱོབ་པར་མཛོད། །མདོར་ན་སྐྱེ་དང་ཚེ་རབ་ཐམས་ཅད་དུ། །རྗེ་བཙུན་བླ་མ་རྣམས་དང་མི་འབྲལ་ཞིང་། །ནང་གི་ལམ་ནས་རྡོ་རྗེའི་ལམ་བགྲོད་ཏེ། །ཐུགས་ཡིད་ཅིག་འདྲེས་མངོན་སངས་རྒྱས་གྱུར་ཅིག །ཅེས་གསུངས་པས་མཚོན་མཚན་ལྡན་དགེ་བའི་བཤེས་གཉེན་རྣམས་ལས།  ཐུན་མོང་ཐུན་མིན་གྱི་གདམས་པ་གསན་བསམ་མཐའ་ཡས་པ་མཛད།

ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་གསུམ་ནི་ཞལ་གསུང་གསོལ་འདེབས་ལས།  བརྩེ་ཆེན་མིག་མི་འཛུམ་དངོས་འཆི་མེད་གྲུབ།     །མཁྱེན་རབ་ངག་གི་དབང་ཕྱུག་བློ་རབ་པ།  །གསང་བདག་པདྨ་ཕྲིན་ལས་རྒྱ་མཚོའི་སྡེ།    །རིགས་གསུམ་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཆེ་ཐང་དུ་བསྔགས་བརྗོད་མཛད་པ་བཞིན་དམ་པ་གསུམ་ལས་རྒྱ་ཆེ་བའི་གངས་ལྗོངས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང་།  སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཞུང་གདམས་མན་ངག་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་གསན་བསམ་མཛད་ཚུལ་མཚོན་ཙམ་བརྗོད་ན།  སྤྱོད་འཇུག  དབུ་མ་འཇུག་པ།  ནང་རྟག་རྒྱུད་གསུམ།  སྡོམ་གསུམ། མངོན་པ་མཛོད།   ཐར་རྒྱན།   རྒྱལ་སྲས་ལག་ལེན།  ཤེས་བྱ་མཛོད། ཀུན་བཟང་བླ་མའི་ཞལ་ལུང་། ཆགས་མེད་རི་ཆོས།  མཛོད་ཆེན་རྣམ་ལྔ།      རྙིང་མ་བརྒྱུད་འབུམ།   ཀློང་ཆེན་མཛོད་བདུན།  འཇིག་གླིང་སྤོད་གཉིས།   རྙིང་མ་བཀའ་མ།  རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང།  མཆོག་གླིང་གཏེར་གསར་ཡོངས་རྫོགས།    ཚངས་གསར་པའི་ཡབ་ཆོས་བདེ་མགོན་ལྷ་མོ་སོགས་འབའ་རོམ་ཆོས་སྐོར་རྣམས་ཀྱི་རྒྱུད་དང་། རྒྱ་གཞུང་། གཏེར་རྙིང་ཉང་གི་བཀའ་བརྒྱད་བདེར་འདུས། སངས་གླིང་བླ་མ་དགོངས་འདུས། ཀར་གླིང་ཞི་ཁྲོ་རྣམས་ཀྱི་གཞུང་སྤོད་ཆ་ཚང་།  རད་གླིང་ཆོས་སྐོར། སྟག་ཤམ་ཆོས་སྐོར། གནམ་ཆོས་དང་། གནས་ལུགས་ཆོས་སྐོར།  རྙིང་མའི་སྐོར་དང་། ཁྱད་པར་དུ་འབའ་རོམ་སྙན་བརྒྱུད་ཕྱག་ཆེན་ཆོས་དྲུག་སོགས་ཟབ་དོན་མན་ངག་གི་སྙིང་པོའི་དམར་ཁྲིད་ཕྱག་ལེན་དུ་འདེབས་པར་མཛད་པའི་བཀའ་དྲིན་ཅན་གྲུབ་པའི་དབང་ཕྱུག་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཡབ་སྲས་དང་།   སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི་བཀའ་དྲིན་སུམ་ལྡན་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོར་བཀུར་བར་མཛད། གཞན་ཡང་ཚུར་མཐོང་གི་སྤྱོད་ཡུལ་ལས་འདས་པའི་ཟབ་གཏེར་དགོངས་པའི་གཏད་རྒྱ་གྲོལ་ཚུལ་སོགས་ནི་རྣམ་ཐར་ས་བཅད་གཉིས་པའི་སྐབས་སུ་རང་བློའི་གང་དཔོག་གིས་བརྗོད་བྱར་གྱུར་པའོ། །

གདུལ་བྱའི་སྐལ་བཟང་འཛིན་མ་ལས་འཁྲུངས་པའི།     །

མཆོག་གི་སྤྲུལ་སྐུའི་གསང་གསུམ་དཔག་བསམ་ལྗོན།  །

ཡོངས་འཛིན་གདམས་ཟབ་བདུད་རྩིས་བསྐྱེད་བསྲིང་ཚུལ།    །

ཉེར་བསྟན་ནང་གི་སྤངས་རྟོགས་ཆུ་སྐྱེས་རྒོད།  །

སྐུ་བཞིའི་འབྲས་བཟང་གཡུར་དུ་ཟ་བ་འདི།     །

རིས་མེད་འགྲོ་བའི་དཔལ་དུ་ཉེར་སྨིན་པ།  །

གྲངས་མེད་གོང་ནས་གོམས་པའི་ཐུགས་བསྐྱེད་ཀྱི།  །

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཚུལ་འདི་རྨད། །

ཅེས་བར་སྐབས་ངལ་གསོའི་ཚིགས་སུ་བཅད་པའོ། །     

དེ་ནས་དགུང་གྲངས་ཉི་ཤུ་རྩ་གྲངས་ཀྱི་ཐོག དབུས་སུ་གནས་སྐོར་ལ་ཕེབས་པའི་དགོངས་བཞེད་ཡོད་ཀྱང། སློབ་དཔོན་སོགས་དགོན་པའི་ཆེ་བགྲེས་རྣམས་ཀྱིས་བཤོལ་བཏབ་ནས་མ་བཏང་བས། ཉིན་ཞིག་ཞབས་གྲལ་རེ་ཟུང་བཅས་གསང་སྟབས་ཀྱིས་དཔལ་གྱི་ཙཱ་རི་ཏྲ་སོགས་ལྷོ་ལམ་བརྒྱུད་ནས། གསང་སྤྱོད་རོ་སྙོམས་བརྟུལ་ཞུགས་ཀྱིས་གཉན་ས་རི་འགྲིམས་མཛད།   ཁྱུང་པོ་རྒྱས་ཤོད། ཀོང་པོ། དྭགས་ཉང་བརྒྱུད་ཙཱ་རི་ཟལ་ཁོག་ཏུ་འབྱོར་སྐབས།  སྐུ་ཁོག་སྙུང་ནས་ཕེབས་བགྲོད་དཀའ་ཙམ་བྱུང་བས། རི་སྣ་ཞིག་ནས་མཁའ་འགྲོ་མ་མི་མོའི་རྫུ་མལ་ཞུགས་པ་ཐོལ་གྱིས་བྱུང་ནས། གསོལ་གྲོ་སྦ་སློ་གང་ཕུལ་བ་གསོལ་བས་སྙུང་ཁམས་ནམ་དྭངས་ཆ་མ་མཚལ་བར་གྲོལ།         ཡང་ཚྭ་ཁང་ཞིག་ནས་ཆོས་རྗེ་ཀོ་བྲག་པའི་ཕྱག་ཆེན་ཟབ་ཁྲིད་གཅིག་གཟིགས་པས། གནས་ལུགས་ཟབ་མོའི་དོན་ཅིག་ཆར་རྟོགས་པའི་ཚུལ་གྱིས་སྒོམ་མེད་ཕྱག་རྒྱ་ཆེན་པོ་འཁོར་འདས་རོ་མཉམ་གྱི་དགོངས་པའི་གདེང་ཆེན་བརྙེས་ནས།  གཟུང་འཛིན་འཁྲུལ་པའི་དྲི་མ་གཏན་མེད་དུ་སོང།

ཙཱ་རི་ནས་ཡར་ལུང་བརྒྱུད་དཔལ་གྱི་ཆོས་འཁོར་རྣམ་གསུམ།     ཕག་གྲུ།   ཟང་རི། མཚུར་ཕུ། འཕན་ཡུལ།   སྟག་ལུང།   རྭ་སྒྲེང་སོགས་དབུ་གཡུར་གྱི་གནས་རྟེན་དང་།  དམ་པའི་སྐྱེས་ཆེན་མཇལ་སྐོར་དང་འབྲེལ་རང་དགོན་དུ་ཞབས་སོར་འཁོད།   གཞིས་སྡོད་ཡུལ་དགོན་ཐམས་ཅད་དགའ་སྤྲོའི་ངང་བླ་མ་སྔར་ལས་སྐུ་ཟིལ་ཆེ་ཞིང་། སྣོད་བཅུད་བཀྲ་ཤིས་དགེ་མཚན་གྱི་ཕྱུག་པར་གྱུར། གཞན་ཡང་རང་ཡུལ་དུ་གཉན་ས་རི་འགྲིམས་མཛད་ཚུལ་ནི།  གཉན་ས་རི་ཁྲོད་གྲགས་ཅན་རྩིས་འགག་དང་།  སྐུ་སྐྱོ།     འཇོ་ར་མཁར་དཀར། རྟ་རྣ་སོགས་སུ་རི་འགྲིམས་མཛད།

དེ་ནས་རིམ་གྱིས་སྐུ་ན་དར་ལ་བབས་ཏེ། རང་དགོན་གདན་སའི་འཛིན་སྐྱོང་གི་ཁུར་གཅིག་ཏུ་བཞེས་ནས། བཅའ་སྒྲིག་དུས་མཆོད་སྔར་ཡོད་རྒྱུན་འཛིན་དང་། མ་ཉམས་པ་གོང་འཕེལ་གནང་ནས་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་བར་མེད་དུ་བསྐྱངས།  དགོན་རྙིང་ས་འགུལ་དང་། ཆུ་སྐྱོན་སོགས་ཀྱིས་རབ་རྒྱལ་ལྕགས་སྦྲུལ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་ལ་དགོན་གཤོང་ནས་སྒ་རུ་ཉག་ལ་གསར་སྤོར་མཛད་དེ།  བསྟན་གཞི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང། བསྟན་རྩ་དགེ་འདུན་གྱི་སྡེ་གོང་དུ་སྤེལ་ཆེད་འབའ་རོམ་སྙན་བརྒྱུད་འཛིན་པའི་སྒྲུབ་སྡེ་བཞི་བཙུགས་པར་མཛད་པ་སྟེ།   རང་དགོན་དུ་སྒྲུབ་བླ་བཅུ་གསུམ།     དགོན་ལག་ཝ་རྫོ་ཆོས་གླིང་དགོན་དུ་སྒྲུབ་བླ་བདུན།     འཇོ་ར་མཁར་དཀར་དུ་སྒྲུབ་བླ་བདུན།  ཚངས་གསར་བདེ་མོ་དགོན་དུ་སྒྲུབ་བླ་བཅུ་གསུམ་བཅས་ལ་སྒྲུབ་ཐེབས་མཆོད་རྩ་བཅས་སྦྱོར་འཇག་མཛད་ནས་གཙུགས།   ཁྱད་པར་སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་པ་ཡར་ལྡན་དུ་སྤེལ་བའི་ཐུགས་སྟོབས་ཆེན་པོས་རང་ལུགས་རྩ་གསུམ་སྒྲུབ་ཐབས་རྣམས་ཞུ་ཆེན་དང་།  སྒྲིག་ཆོག།  ཕྱག་ལེན་ཟིན་བྲིས་ལག་དེབ་ཆ་ཚང།       ཕྱག་ཆེན་ཆོས་དྲུག་སོགས་སྙན་བརྒྱུད་ཟབ་ཁྲིད་ཀྱི་སྐོར།  ཆོས་སྐྱོང་གྲྭ་ཚར་གྱི་གཏོར་སྔགས་སྲོག་འཁོར་སོགས་འབའ་རོམ་ཆོས་སྐོར།  ལྡེབ་གྲངས་སྟོང་ཕྲག་བདུན་ལྷག་དང་། ཆོས་ཚན་བརྒྱ་དང་བདུན་ཅུར་ལོང་བ། ཤིང་པར་དུ་གསར་བསྐྲུན་གྱིས་དཔལ་གྱི་བཀྲ་ཤིས་ལྷ་རྩེ་ཐུབ་བསྟན་རྣམ་དག་གླིང་དུ་པར་ཁང་ཆོས་མཛོད་གསར་འཛུགས་གནང་།  འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་ཚན་ཐམས་ཅད་ཤིང་པར་དུ་འདེབས་ཆོག་པར་མཛད།

མགོན་པོ་ཕྱག་བཞི་པའི་མདོས་ཆེན་ལ། ཞལ་འབག  བེར་གོས། འཆམ་ཆས།  རྒྱན་བཀོད། མཆོད་ཆས་སོགས་ཡོ་བྱད་ཆ་ཚང་ནོར་རྫས་ཀྱི་གཏོང་བའི་ཕྱག་ཡང་པོར་བརྐྱངས་ཏེ་བཞེངས། དགོན་པ་གསར་བཞེངས་སྐབས་ལྷ་ལྡན་ནས་དར་གོས་ཤོག་བུ་སོགས་ཉོ་སྒྲུབ་དང་། ལྕི་སྨད་ནས་ཤིང་ཆ། པར་ཤིང་དབོར་འདྲེན་སོགས་སྐུ་དངོས་ཀྱིས་སྐུ་ངལ་དྭངས་བཞེས་མཛད་དེ། ཕྱི་ནང་མཚུངས་པའི་བསྟན་དགོན་བསྐྱར་བཞེངས་ལེགས་གྲུབ་གནང་།  

དེ་རྗེས་སླར་ཡང་དབུས་སུ་གནས་མཇལ་ལ་ཕེབས་ནས།  འབའ་རོམ་པའི་གདན་ས་དང་།    འབྲི་གུང་གདན་ས་མཐིལ་སོགས་དབུ་རུ་བྱང་རྒྱུད་གྱི་གནས་དང་།     ལྷ་ས། སྙི་ཐང་སོགས་སྐྱིད་ཤོད་སྨད་རྒྱུད་ཀྱི་གནས་དང་།   དཔལ་གྱི་བསམ་ཡས་དང་འབྲེལ་བའི་ངམ་ཤོད་ཀྱི་གནས་དང་། གདན་ས་རྟེན་གསུམ།   ཡར་ལུང་ཁྲ་འབྲུག་བྱམས་སྙོམས་གཙུག་ལག་ཁང་སོགས་གཡོ་རུ་ལྷོ་རྒྱུད་གྱི་གནས་དང་།     དཔལ་གྱི་ཙཱ་རི་ཏྲ་སོགས་ཀློ་ཟལ། ལྷོ་མོན་གྱི་གནས་སྐོར་ཞིབ་རྒྱས་མཛད་ནས། རང་དོན་དུ་ཐོས་བསམ་སྒོམ་གསུམ།  གཞན་དོན་དུ་འབྲེལ་ཚད་གྲོལ་བ་དྲུག་ལྡན་གྱི་མཛད་པས་རང་གཞན་དོན་གཉིས་ལྷུན་འགྲུབ་ཀྱི་ཕྲིན་ལས་བསྐྱངས།    

འབའ་རོམ་རྫ་རིན་ཆེན་སྤུངས་པ་ནས་ཆོས་རྗེ་འབའ་རོམ་པ་དར་མ་དབང་ཕྱུག་དང་།     ཙཱ་རི་མཚོ་དཀར་ནས་འབྲུག་སྨྱོན་ཀུན་དགའ་ལེགས་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་སོགས་ངོ་མཚར་གྱི་རྣམ་ཐར་ཤིན་ཏུ་མང་།  ཞར་བྱུང་། གཞན་ཡང་སྐྱོ་བྲག་ཏུ།  སྔ་ཕྱིར་ལན་ཁ་ཤས་ཕེབས་ནས།  འབའ་རོམ་པའི་བླ་མ་གོང་མའི་གསུང་ཆོས་དཔེ་རྒྱུན་དཀོན་རིགས་ལས། འགྲོ་མགོན་ཏི་ཤྲཱི་རས་པའི་བཀའ་འབུམ་སྐྱོ་བྲག་དགོན་དུ་ཡོད་སྐད་གསན་པས་ཐུགས་རབ་ཏུ་དགྱེས།   བཀའ་བརྒྱུད་བཀྲ་ཤིས་མདུན་ནས། དབང་ལུང་གདམས་ཁྲིད་གསན་པའི་ཞར་བྱུང་དུ།  བླ་མ་རིན་པོ་ཆེར་ཏི་ཤྲཱིའི་བཀའ་འབུམ་གཡར་པོ་གནང་རོགས། རང་གི་གསར་བཞེངས་བགྱིད་སྙམ་ཞུས་པས།     བླ་མ་རིན་པོ་ཆེས་དེ་ལྟར་ཡོད་སྐད་ཐོས་ཀྱང་གར་ཡོད་མ་ངེས། བསྟན་སྙིང་རིན་པོ་ཆེ་དང་།  དུང་སྤྲུལ་རྣམ་གཉིས་ལ་ཞུས་དང་།  གཡར་རྒྱུ་རེད་གསུངས་པས།      དེ་བཞིན་བླ་མ་རྣམས་གཉིས་ལ་ཞུས་པས་མདུན་ཁག་རྣམས་ཀྱིས་དཔེ་མཛོད་ནས་བཙལ་ཀྱང་མ་རྙེད།    སྐྱོ་བྲག་དགོན་པའི་ལོ་རྒྱུས་མ་དེབ་ནས་ཞིབ་འཚོལ་མཛད་པས།  དབུ་རྩེ་ལ་ཕོ་བྲང་ནང་སོ་ཆེན་མོ་ནས་ཡར་གདན་དྲངས་པའི་ཆོས་རྩེག་ནང་བཞུགས་ཡོད་པ་གསལ་བས།  ཆོས་བརྩེགས་ཞིབ་ཚོལ་མི་ཆོག་པའི་དམ་རྒྱ་བྱས་འདུག་ཀྱང་། ཁྱེད་སྐུ་ངོ་ལྡོག་མི་འོས་པས།     རྩེ་ནས་ལྷ་གཉེར་ལ་ཞུས་དང་གར་ཡོད་ཤེས་ན་གཡར་གསུངས་ནས་བཀའ་དགོངས་ཐོབ།   དབུ་རྩེར་ཕེབས་ཏེ་ལྷ་གཉེར་ལ་གསུངས་པས། ལྷ་གཉེར་གྱིས་དེ་ལྟར་ཐོས་ཀྱང་མཐོང་མ་མྱོང་། ཆོས་བརྩེགས་ལྷ་ཁང་ལོག་གཅིག་ཕྱམ་ཁག་བྱས་འདུག་པས་བཙལ་ན་རྙེད་དཀའ། བཤིག་ནི་ཆོག་པ་མ་རེད་ཞུས།   བླ་མ་རིན་པོ་ཆེས། འོ་ན་བདག་གིས་ཨེ་བལྟ། དཔེ་ཆ་མང་པོ་བཤིག་མི་འགྲོ་གསུངས་པས།     ཁྱེད་ལ་དགོན་ནས་བླ་མ་རྣམས་ཀྱིས་བཀའ་ཐོབ་འདུག་པས། པོ་སྟི་ཡ་ཟུང་ཞིག་གཟིགས། མང་པོ་བཤིག་མི་འཚལ་ཞུས་པས།     བླ་མ་རིན་པོ་ཆེས་ཞལ་ནས། འོ། དེ་རིང་རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་འགྲོ་མགོན་ཏི་ཤྲཱི་རས་པའི་བཀའ་འབུམ་ང་ཡི་ལག་ཏུ་གནང་མཛོད་གསུང་ནས་པོ་སྟི་གཅིག་བླངས་པས། འགྲོ་མགོན་ཏི་ཤྲཱིའི་བཀའ་འབུམ་དངོས་ཡིན་འདུག་པས།     དེར་བཞུགས་ཚང་མས་བླ་མ་འདི་ཐུགས་མངོན་མཁྱེན་ཅན་ཡིན་འདུག     འགྲོ་མགོན་ཏི་ཤྲཱིའི་བཀའ་འབུམ་གཏེར་ནས་བཏོན་བྱུང་ཟེར་ཐམས་ཅད་ཧ་ལས། དེ་ནས་སྐྱོ་བྲག་དགོན་གྱི་བླ་གྲྭ་ཡོངས་ནས་བླ་མ་འདི་ཐུགས་མཁྱེན་པ་ཅན་གྱི་བསྟན་འཛིན་སྐྱེས་བུ་ཁྱད་འཕགས་ཤིག་རེད་འདུག   དེང་ཕྱིན་བཀའ་འབུམ་འདིས་འབའ་རོམ་བསྟན་པ་ལ་ཕན་ཐོག་ཡོང་ངེས་ཤིང།    བླ་མ་འདི་འབའ་རོམ་པའི་བསྟན་པའི་བདག་པོ་ཡིན་ངེས་རེད་འདུག་གསུངས། བསྔགས་བརྗོད་གནང་བས་སྙན་གྲགས་ཆེས་ཆེར་རྒྱས།   

རྗེ་ཉིད་ནས་སྐྱོ་བྲག་དབུ་རྩེར་ཡོད་པའི་ཆོས་རྗེ་རིན་པོ་ཆེའི་གདུང་འབུམ་མདུན་མཎྜལ་བརྒྱ་རྩ་སོགས་མཆོད་སྤྲིན་ཚོགས་བསགས་རྒྱ་ཆེན་ཕུལ་ཞིང་། ཆོས་རྗེ་རིན་པོ་ཆེ་ལས་ལུང་ནོད་ཀྱི་ཆོ་གའི་ཐུགས་བསྐྱེད་བཅས་བཀའ་འབུམ་དག་ཚར་གཅིག་ལྗགས་ཀློག་མཛད།  བསྟན་འགྲོའི་དོན་དུ་འཁོར་གསུམ་རྣམ་དག་གིས་མཚམས་སྦྱོར་དང་།  ཐུགས་སྨོན་རྒྱ་ཆེན་བཅས་ཐུགས་བཞེད་ལེགས་པར་གྲུབ། འདིའང་སྔོན་གྱི་གོང་མ་རྣམས་ཀྱི་བཀའ་འབུམ་ཆོས་མཛོད་ཆེན་པོའི་ཁྲོད་དུ་གཏེར་རྒྱས་གདབ་པ། དུས་སུ་བབས་དུས་བླ་མ་རིན་པོ་ཆེའི་གཏེར་ནས་བཞེས་པ་མངོན་སུམ་དུ་འདུག།  

ཁྱད་པར་འབའ་རོམ་སྙན་བརྒྱུད་ཟབ་མོའི་གདམས་སྐོར་རྣམས་ཇི་ལྟར་གསན་ནས། ཉམས་བཞེས་འཛིན་སྐྱོང་སྤེལ་བར་མཛད་པའི་ཚུལ་ནི། དང་པོ་བླ་མ་རིན་པོ་ཆེ་ཀརྨ་བཀའ་བརྒྱུད་བཀྲ་ཤིས་མདུན་བཅར་ཞུས་ནས། བདེ་མཆོག་བསྙེན་པ་མ་བཞག་ན་ཆོས་དྲུག་མི་གནང་བའི་བཀའ་རྒྱ་ཡོད་པས། ཁྱེད་ཀྱིས་དང་པོ་སྔོན་འགྲོ་ཞོག། དེ་ནས་བདེ་མཆོག་དབང་གནང་། བདེ་མཆོག་བསྙེན་པ་བཞག་རྗེས་ཆོས་དྲུག་འབུལ་ཆོག   དེ་བར་ཁྱེད་ཀྱི་འདོད་ཆོས་ཐུགས་མོས་གང་ཡོད་གནང་གསུངས་ནས། སྨིན་གྲོལ་རྒྱབ་བརྟེན་ཅི་རིགས་དང་།  ཁྱད་པར་དོན་བརྒྱུད་འཕོ་བ་ཆེན་པོའི་དབང་བསྐོར་ཏེ། དོན་གྱི་བརྒྱུད་པ་བཏད་པ་དང་འབྲེལ། ཁྱེད་ཀྱིས་འབའ་རོམ་རང་ལུགས་ཀྱི་སྒྲུབ་གྲྭ་ཚུགས་ཐབས་དང་། འབའ་རོམ་པའི་བསྟན་པ་ལ་སྲི་ཞུ་གཡེལ་ལྷོད་མེད་པ་མཛོད།  གསུངས་ནས་ཞལ་ཏ་གནང་བས། བླ་མ་རིན་པོ་ཆེས་རང་ལུགས་སྒྲུབ་གྲྭ་འཛུག་རྒྱུའི་ཞལ་བཞེས་མཛད། དེ་དུས་འབར་རྡོར་རིན་པོ་ཆེའི་དབོན་མོ་ཚེ་མཚམས་འདག་སྦྱར་དུ་བཞུགས་པ་ཞིག་ཡོད་པ་དེ།  སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཚུལ་ཞུ་འཕྲིན་བང་མི་འབྱོར་བའི་ངོ་མཚར་གཏམ་སྙན་ཀྱང་གསན། 

བར་སྐབས་དགོན་རྙིང་གནས་སྤོ་བ་སོགས་བསྟན་དགོན་གྱིི་མཛད་བྲེལ་གྱིས་སྒྲུབ་གྲྭ་གསར་འཛུག་མ་གྲུབ་གོང་།  བླ་མ་རིན་པོ་ཆེ་བཀའ་བརྒྱུད་བཀྲ་ཤིས་གཟུགས་སྐུ་ཞི་དབྱིིངས་སུ་ཐིམ།  དེ་འཕྲལ་བླ་མ་རིན་པོ་ཆེ་ཐུགས་སྐྱོ་གདུང་ཚད་མེད་ཀྱིས་ཐུགས་སྟོབས་ཆེར་བསྐྱེད་དེ། སྒྲུབ་སྡེ་གསར་སྒྲིག་གི་སྟ་གོན་ལེགས་གྲུབ་མཛད་ནས། སྒྲུབ་དཔོན་བླ་མ་མཚན་ཉིད་ལྡན་པ་ཞིག་གདན་ཞུའི་ཆེད་སྐྱོ་བྲག་ཏུ་བྱོན་ནས། བླ་མ་ཞི་བར་གཤེགས་པའི་སློབ་ཆེན་སུ་བཟང་བླ་མ་གྲྭ་ཚང་རྣམས་ལ་བཀའ་འདྲི་ཞུས་པས།  བླ་མ་རིན་པོ་ཆེའི་དངོས་སློབ་བཟང་བ་མང་དུ་མཆིས་ཀྱང་། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་འབོས་ཚ་ཨ་བྷོ་སྐྱོ་བྲག་དགོན་པའི་སྒྲུབ་དཔོན་དུ་མངའ་གསོལ་བྱས་འདུག།  ཁོང་གིས་རང་གི་བླ་མ་རིན་པོ་ཆེ་ཞི་བར་གཤེགས་པའི་མདུན་ནས།  སྒྲུབ་གྲྭ་འཛུག་རྒྱུ་ཁས་ལེན་བྱས་པ་དང་། ཐབས་གྲོལ་གདམས་ཁྲིད་ཆ་ཚང་ཞུ་རྒྱུ་མ་བྱུང་བས་སྒྲུབ་དཔོན་དུ་འབོས་ཚ་ཨ་བྷོ་གནོངས་ཞུས་པས།  དེ་རང་དགོན་གྱི་སྒྲུབ་དཔོན་དུ་བསྐོས་ཚར་བས་གནང་རྒྱུ་མེད།  དེ་མིན་རྩེ་མཐིལ་གཉིས་ནས་སུ་བཟང་འདེམས་དང་གནང་། ཕར་ཆེར་དབུ་རྩེའི་ལྷ་གཉེར་གཅིག་ཡོད་པ་རང་དགོན་དུ་མཁོ་གལ་ཆེ་ཡང་། ཁོང་འབྱོན་ན་གནང་གསུངས་ནས་བཀའ་གནང་ཐོབ། དེ་འཕྲལ་དབུ་རྩེར་ཆིབས་བསྒྱུར་གནང་བས་སྐྱོ་ཁོ་འགག་གོང་དུ་སླེབས་སྐབས། སྐྱོ་གཞུང་རུ་བའི་ཆུ་ལེན་བུད་མེད་བཅུ་གསུམ་གྱིས།  འཁྱག་དར་སླེ་བོ་བཅུ་གསུམ་ཁུར་ནས།  ཆུ་མཆོད་བྱེད་པའི་རྟེན་འབྲེལ་ལེགས་འགྲིག་བྱུང་བས་ཐུགས་ཤིན་ཏུ་དགྱེས་ཏེ།  བླ་མ་མཚན་ཉིད་དང་ལྡན་པ་ཞིག་བཞུགས་པ་ཐག་ཆོད་ཡིན་དགོངས་ནས་ཆུ་སྣོད་རེར་དར་དཀར་རེ་གནང་ཞིང་མགྱོགས་མྱུར་གྱིས་ཕེབས།  དབུ་རྩེར་བསླེབས་རྗེས་ལྷ་གཉེར་ལ་ལོ་རྒྱུས་རྣམས་ཞིབ་བཀྲལ་དང་འབྲེལ་སྐྱོ་བྲག་བླ་དགོན་ཟུང་ནས།  ཁྱེད་རང་ངེད་ཀྱི་སྒྲུབ་དཔོན་དུ་གནང་བ་ཡིན་པས་འབྱོན་རོག་དགོས་ཞུས་པས།       ལྷ་གཉེར་ནས། ང་སོང་ཡང་ཁྱེད་ཀྱི་བཞེད་དོན་ལེགས་འགྲུབ་ཡོང་དཀའ་མོ་རེད།       དེ་བས་རང་གིས་བསམ་ན་བླ་མ་རིན་པོ་ཆེའི་དངོས་སློབ་རྣམས་ཀྱི་ནང་ནས་དགོན་པས་འབོས་ཚ་ཨ་བྷོ་བདམས་པ་རེད། འོན་ཀྱང་བུ་སློབ་རྣམས་གཅིག་རྒྱུས་གཅིག་ལ་ཡོད་པས།  སེངྒེ་གནམ་རྫོང་སྒྲུབ་ཕུག་ལ་རྒྱུན་དུ་བཞུགས་པའི་རྣལ་འབྱོར་པ། སྡེ་གསར་དབང་དགའ་ཞེས་པ་ཞིག་ཡོད། ཁོང་ཨེ་འབྱོན་མི་ཤེས།   འབྱོན་རོགས་མཛད་ན་དེ་བས་བཟང་བ་སྐྱོ་བྲག་དགོན་ལ་མེད་ཅེས་ཟེར་བས།  ཁྱེད་ཀྱིས་འདིར་གདན་འདྲེན་ཡོངས་རོག་གསུངས་པས།    དེ་ནས་ལྷ་གཉེར་གྱིས་དབང་དགའ་རིན་པོ་ཆེ་གདན་དྲངས་ཡོང་།  བླ་མ་རིན་པོ་ཆེས་རྗེ་བཙུན་དབང་པོའི་མཚན་ཅན་ཞལ་མཇལ་མ་ཐག། བཟོད་མེད་ཀྱི་མོས་གུས་འབར་ཞིང་། ཐུགས་དགྱེས་སྤྲོ་ཚད་མེད་ངང་། མཇལ་དར་དང་ཡོང་དོན་རྣམས་ཞུས་ནས།  ནན་ཏན་ཆེན་པོས་ང་ཡི་བླ་མ་ཁྱེད་ལས་གཞན་མེད། འབྱོན་རོགས་དགོས་ཞུས་པས།  ཁོང་གིས། ང་ལ་སྒྲུབ་དཔོན་བྱེད་པའི་ཉམས་རྟོགས་ཡོན་ཏན་གང་ཡང་མེད་པས་སྒྲུབ་དཔོན་ཡོང་བ་མ་རེད་གསུངས།  བླ་མ་རིན་པོ་ཆེས་འོ་ན་ཁྱེད་ཀྱི་གདམས་ངག་ཞུས་པ་རྣམས་བླ་མ་ལ་རྟོགས་འབུལ་དང་།  བླ་མས་ལེགས་སོའི་བཀའ་ཐོབ་བམ་ཞུས་པས།   རང་གི་ཉམས་ལེན་རྣམས་བླ་མར་རྟོགས་འབུལ་ཞུས་ཤིང་། ལེགས་སོའི་བཀའ་ཡོད་གསུངས། ཡང་ཆོས་ཐབས་གྲོལ་ཀྱི་གདམས་པ་གཞན་ལ་སྤེལ་དགོས་པའི་བཀའ་ཨེ་ཡོད་ཞུས་པས།  དེའང་ཁྱོད་ཀྱིས་གཞན་ལ་བཤད་ས་རྙེད་ན་ཤོད་གསུངས་བྱུང་གསུངས་པས། འོ་དེ་ལྟར་ཡིན། ངས་བླ་མའི་བཀའ་བཞིན་སྒྲུབ་གྲྭ་བཙུགས་པ་ཡིན། ཁྱེད་ཀྱིས་ཀྱང་བླ་མའི་བཀའ་ལྟར་གཞན་ལ་བཤད་ས་ང་རྙེད་པ་རེད།   གང་ལྟར་ང་ཡི་བླ་མ་ཁྱེད་མ་གཏོགས་མེད་པས། ཁྱེད་ཀྱིས་ཉམས་རྟོགས་ཡོད་མེད་དང་།     ཤེས་མི་ཤེས་གསུངས་མི་དགོས། ངེས་པར་ཕེབས་དགོས།  དུས་ཚོད་ནམ་འབྱོན་ཐག་གཅོད་གནང་རོགས། ངས་ཞབས་ཞུ་མཁན་དང་། ཆིབས་རྟ་གཏོང་ཡོང་ཞུས་པས། བླ་མས་ཁྱེད་ཀྱི་བཀའ་མི་ཆོག་པས།  ད་འགྲོ་རྒྱུ་བྱེད།     ཟླ་གཅིག་གི་རྗེས་ནས་མི་ཐོང་ཤོག་གསུངས།  ལས་སྨོན་རྟེན་འབྲེལ་བཟང་པོའི་མཐུས་གྲུབ་དབང་ཀརྨ་མ་ཏིའམ་མཚན་གཞན་མཆོག་གཟིགས་རྣལ་འབྱོར་དབང་པོའི་མཚན་ཅན། རིགས་བདག་འཁོར་ལོའི་མགོན་པོར་ཐོབ་པའི་རྩ་བའི་རྟེན་འབྲེལ་ལེགས་པར་འགྲིག་པ་ཡིན་ནོ། །

     དེ་ནས་བཟུང་དཔལ་ལྡན་འབའ་རོམ་པའི་རིང་ལུགས་འཛིན་པའི་སྒྲུབ་སྡེ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས། རབ་རྒྱལ་ལྕགས་ཡོས་ལོར་ལེགས་གྲུབ་བྱུང་ནས་སྒྲུབ་ཐེངས་དང་པོ་དབུ་ཚུགས།  སྐུ་ཉིད་ཀྱིས་ཀྱང་ཐབས་གྲོལ་ཉམས་ལེན་ཚུལ་བཞིན་མཛད་པས།  ཟླ་བ་གཅིག་ལ་རས་རྐྱང་ཐུབ་པའི་ངོ་མཚར་སོགས་ཉམས་རྟོགས་ཡོན་ཏན་བོགས་སྐྱེད་ཆེན་པོ་ཐོན།    གོང་བཤད་དགོན་ཁག་གཞན་ལ་སྒྲུབ་གྲྭ་རྣམས་རིམ་པར་བཙུགས་པ་ལས། བྱེ་བྲག་ཚངས་གསར་བདེ་མོ་དགོན་དུ།  སྒྲུབ་སྡེ་ཇི་ལྟར་བཙུགས་པའི་ཚུལ་ནི།   རབ་རྒྱལ་སྟག་ལོར་ལྕི་སྨད་ར་མགོ་མཚོ་ཁར། འཇམ་མགོན་ཀོང་སྤྲུལ་བློ་གྲོས་རབ་འཕེལ་གྱིས་རིན་ཆེན་གཏེར་མཛོད་གནང་སྐབས། སྤོ་ར་བླ་རྒན་མཆོག་སྤྲུལ་ཀརྨ་ཆོས་འཕེལ། ཉེ་གནས་གསོ་རིག་པ་དཔལ་བཟང་ཕྲིན་ལས།   ཡེ་བེ་ཀུན་དགའ་བཀྲ་ཤིས་སོགས་དཔལ་ཁའི་ཕྱོགས་ནས་ཡོང་བའི་བླ་གྲྭ་རྣམས་ཀྱིས། བླ་མ་རིན་པོ་ཆེ་བློ་གྲོས་རིན་ཆེན་གྱི་མཁྱེན་རྟོགས་ཡོན་ཏན་གྱི་ཉམས་རྒྱུས་ལོན་པར་མ་ཟད། ཕྱོགས་ཀྱི་འདུས་པ་རྒྱ་མཚོས་བསྔགས་བརྗོད་ཀྱི་མགྲིན་དབྱངས་གཅིག་ཏུ་བསྒྲོགས་པས་རྐྱེན་བྱས།  སྤོ་སྤྲུལ་གདན་སར་ཡར་བྱོན་ནས་གསུངས་ཕེབས་ལ། རང་རེ་རྒྱལ་བ་འབའ་རོམ་པའི་རིང་ལུགས་ཀྱི་གྲལ་མཐར་འཁོད་ཀྱང་།   དབང་ལུང་གདམས་སྐོར་གྱི་ཉག་ཕྲ་ཞིང་། སྒྲུབ་ཐབས་སྐོར་རེ་ཟུང་ཡོད་པ་རྣམས་ཀྱང་གཟུགས་བརྙན་ཙམ་དུ་སྣང་བས། མཐར་འཇའ་ཡལ་བ་ལྟར་འགྱུར་བར་ཐེ་ཚོམ་མི་འདུག་སྙམ་ཡང་།   ད་ཐེངས་འབའ་རོམ་པའི་བསྟན་པ་མི་ནུབ་དར་རྒྱས་ཡོངས་བའི་སྤོབས་པ་ཞིག་རང་གིས་རྙེད་བྱུང་།  གང་ཡིན་ཟེར་ན། ཚངས་གསར་བླ་མ་འཇམ་དབྱངས་བློ་གྲོས་རིན་ཆེན་ཞེས།     མདོ་སྔགས་རྒྱུད་ལུང་མན་ངག་ཀུན་ལ་མཁྱེན་རྒྱ་ཆེ་བ།  དབང་ལུང་གདམས་པ་རྒྱ་མཚོའི་གཏེར་ཆེན་ཉམས་རྟོགས་ཡོན་ཏན་དུ་མས་ཕྱུག་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་བཞུགས་འདུག་པ་འདི་ལ་རང་གིས་སྔར་ཞུས་ཡོད།     རང་གི་རྒྱུ་རྫས་འདིས་གོ་ཞིག་སྤྱད་དེ། རང་རེ་ཚངས་གསར་བདེ་མོ་དགོན་འདིར་མིང་དོན་མཚུངས་པའིི་རྒྱལ་བ་འབའ་རོམ་པའི་བཀའ་ཆོས་དབང་ལུང་མན་ངག་ཆ་ཚང་ཞུ་དགོས་པས། བླ་གྲྭ་ཀུན་གྱིས་ཐུགས་བཞག་དང་། བླ་མ་གདན་ཞུར་འགྲོ་མཁན་གྲ་བསྒྲིགས་གྱིས་གསུངས་པ་ལྟར། བླ་མ་རིན་པོ་ཆེ་རིམ་གྱིས་གདན་དྲངས་ནས། རྒྱལ་བ་འབའ་རོམ་པའི་བཀའ་སྲོལ་ལས་བྱོན་པའི་རྒྱུད་རྒྱ་གཞུང་རྩ་གསུམ་སྒྲུབ་སྐོར་རྣམས་ཀྱི་དབང་ལུང་དང་། ཐབས་གྲོལ་སྙན་བརྒྱུད་ཟབ་མོའི་གདམས་ཁྲིད་རྣམས་ཞིབ་པར་བསྩལ།  

གཞན་ཡང་དགོན་དེར་བཀའ་གཏེར་གྱི་སྒྲུབ་སྐོར་རྒྱུན་མཁོའི་རིགས་བཅས་དབང་ལུང་རྣམས་ཟླ་བ་གསུམ་ཙམ་གནང་ཞིང་།  འབའ་རོམ་ལུགས་ཀྱི་སྒྲུབ་གྲྭ་འཛུགས་རྒྱུའི་བཀོད་སྒྲིག་མཛད། སྒྲུབ་གྲྭར་མཆོད་ཆ་ཆ་ཚང་དང་། སྒྲུབ་བླ་བཅུ་གསུམ་ལ་སྒྲུབ་ཕོག་འབྲི་ཉི་ཤུ་ཐམས་པ་བཅས་གནང་།  དེ་ནས་བཟུང་ཐོག་མཐའ་བར་གསུམ་དུ་བརྩེ་གཟིགས་བཀའ་དྲིན་ཚད་མེད་པས་བསྐྱངས་སོ། །  

རང་དགོན་ཚངས་གསར་གནམ་དགོན་གྱི་སྒྲུབ་ཐེངས་གསུམ་པའི་སྐབས་ཏེ། ས་ཁྱི་ལོའི་དབྱར་ཁ་ཚངས་གསར་བདེ་མོ་དགོན་དུ་ཕེབས་ནས་རིམ་གྱིས། དཔལ་ཡོབ་གཏམ་གསུམ་སོགས་དབྱར་སྒར་གདུལ་བྱ་དཀར་སྡོམ་ཞིབ་སྐོར་དང།    རྟ་ཟོག། མར་ཆུར། གྲི་མདའ་སོགས་དངོས་རྫས་ཕོན་ཆེན་ཕྱག་འབྱོར་བྱུང་བ་རྣམས་སྐྱོ་བྲག་དགོན་གཞུང་སྤྱི་སྒེར་བླ་གྲྭ་སོ་སོར་ལེགས་འབུལ་གང་ལ་གང་མཚམས་ཀྱིས་གཙང་དག་མཛད། དབུ་རྩེར་དཔོན་སློབ་ལྷན་རྒྱས་ཀྱིས་གནས་སྐོར་བསྙེན་སྒྲུབ་ཉམས་བཞེས་ངང་སྡེ་གསར་དབང་དགའ་རིན་པོ་ཆེའི་མདུན་དྲུང་དུ་ཟླ་བ་གཅིག་ལྷག་བཞུགས་ཏེ། ཟབ་ཁྲིད་ལག་ལེན་སྐོར་ཞུན་མཐར་བཅད།  མཇུག་ཏུ་བདེ་མཆོག་ཚོགས་འཁོར་ཞིག་མཛད་སྐབས་སྡེ་གསར་དབང་དགའ་རིན་པོ་ཆེ་སོགས་སྐྱོ་བྲག་དབུ་རྩེར་གཉུག་མར་བཞུགས་པ་རྣམས་དང་། རྗེ་ཉིད་སྟོན་འཁོར་ཡོངས་དང་ཉེ་སྐོར་འབྲོག་སྡེའི་ཁྲོམ་ཚོགས་བདུན་ཅུ་བརྒྱད་ཅུ་སྐོར་ལ་ཚོགས་འབྱེད་སྐབས། མཆོད་དཔོན་བཀྲ་ཤིས་ལྷ་རྒྱལ་ཞེས་གྲྭ་སར་འུར་གཡེང་ཆེ་བ་དེས།  ཡིད་ལ་ཅི་ཆ་མེད་པར་ཚོགས་ཞོའི་སྣོད་ཆུང་ངུ་ཞིག་ནས་སྐྱ་སེར་མཆོག་དམན་ཡོངས་ལ་འདྲེན་ལྕོག་གང་རེ་བཀྱེ་བས། སྤག་ཕོར་སོགས་ཕོར་ཆེ་བ་རྣམས་གང་རེ་དང་། ཆུང་བ་རྣམས་ཁ་ལྷུད་རྒྱབ་ནས་རྒྱན་གོས་རྣམས་ཁྲ་འབལ་ལེར་བཟོས་པས། བླ་མའི་ཞལ་ནས་ཚོགས་ཞོའི་འདང་ངམ་གསུངས་པས། འདང་བ་མ་ཚད་འདང་ལྷག་དཀར་རྫིས་གང་ཙམ་ཡོད་ཞུས་པས། དེ་ཤིན་ཏུ་རྟེན་འབྲེལ་ལེགས། ཉར་ཚགས་དམ་པར་གྱིས། དངོས་གྲུབ་ཀྱི་རྫས་རང་དགོན་དུ་ཁུར་དགོས་གསུངས།   ཡང་སྐབས་དེར་གྲུབ་པའི་དབང་ཕྱུག་གཉུ་བ་མི་འགྱུར་རམ་རྣལ་འབྱོར་མཁའ་ཀློང་ཡངས་པའི་སྡེ།  སྤྱི་འབྱམས་ཉི་ཟླ་ཕུག་གི་ཉེ་ཞོལ།  ཟླ་གམ་དབང་གི་ཀེའུ་ཚང་ཀ་བ་ཕོམ་འཁྱིག་ཏུ་བཞུགས་པ་མཇལ་བར་ཕེབས་ནས། མཇལ་ཞུའི་བརྡ་འཕྲིན་ཕུལ་བས། འཕྲལ་མར་ཐུགས་རླུང་བཞེངས་པའི་ཚུལ་གྱིས། ང་མཇལ་དགོས་ཟེར་མཁན་སུ་རེད། ང་མཇལ་ནི་དགོས་པ་ཅི་ཡོད་གསུངས་ཚིག་རྩུབ་མོ་དང་། ཕྱག་རྡོ་ཆར་ལྟར་ཕབས་ནས།  བླ་མ་རིན་པོ་ཆེའི་སྐུ་ལུས་ཤ་སྟག་ལ་བབས་འཕྲལ་ཅུང་སློད་པའི་ཚུལ་གྱིས་མཇལ་འཕྲལ་མཛད། ཁྱེད་ཚངས་གསར་བླ་མ་རྒྱལ་བ་འབའ་རོམ་པའི་བསྟན་འཛིན་ཆེན་པོ་ཞིག་ང་འདྲ་བའི་སྐྱེ་བོ་དང་མཇལ་དགོས་ཟེར་བ་མི་འོས་ཟེར་སོགས་ཞལ་བཀྱལ་ལས་གསུང་འཕྲོས་རྣམ་མ་མི་མཛད་པ་སོགས་ལ་ཞབས་གྲལ་རྣམས་སེམས་ཁུ་འཕྲིག་ཏུ་གྱུར་ཀྱང་།  རྗེ་ཉིད་ཐུགས་དགྱེས་ལྷོད་གུས་འདུད་ཀྱི་རྣམ་པ་ལྷུར་བཞེས་ཀྱིས་ཆེན་པོའི་རྒྱུ་ནོར་བདག་འཛིན་མི་གནང་བའི་སྟབས་བསྟུན་ཕྱིང་དཀར་བཞུགས་གདན། དཀར་ཟས་གསོལ་ཆས་ཕྲན་བུ་ཕུལ་ཏེ་ཞུ་ནན་ཕུལ་བས། གདམས་ཟབ་བདུད་རྩིའི་སྐྱེས་ནོར་འབུལ་རེས་ཀྱིས་ཐུགས་ཀློང་འོ་ཆུ་གཅིག་འདྲེས་སུ་མཛད་པའང་དམ་པའི་མཛད་སྤྱོད་དགོས་དབང་ཁྱད་པར་བ་གཏིང་མཐའ་མི་དཔོག་པའི་ཚུལ་དུ་མཆིས།  

སྤྱིར་བསྟན་དགོན་ཀྱི་ཐུགས་འགན་སྐུ་ཕྲག་ཏུ་བཞེས་པ་ནས་མཐར།  རབ་རྒྱལ་ས་ཁྱིའི་ལོ་མཇུག་མི་དམངས་སྤྱི་ཁང་གསར་འཛུགས་དུས་འགྱུར་བྱུང་བའི་བར། བླ་སློབ་མཆོད་ཡོན་འབྲེལ་བའི་བླ་དགོན་ཡུལ་སྡེ་སྤྱི་བྱེ་བྲག་རག་རིམ་ཙམ་བརྗོད་ན།  དགོན་པའི་ཉེ་ཞོལ་ཀཿགནམ་ལྗིག་གསུམ།  འབྲོང་པ་ཨ་འབུམ་རྒྱུད་ཀྱི་འབྲོང་སྡོམ་ཁག་བཞི།  ཚངས་སར་ལྕི་ཉིན་སྲིབ་ཁག་ལྔ་ཤོག་དྲུག་གི་དུས་མཉམ་ཀྱི་བླ་སྤྲུལ་རྣམས་དང་། ཆོས་ཀྱི་འབྲེལ་བའི་བླ་སློབ་ཡུལ་སྡེ་མི་དཔོན་ཐམས་ཅད་མཆོད་ཡོན་གྱིས་འབྲེལ་བའི་རང་ཕྱོགས་ཀྱི་དྭངས་རྩེར་གྱུར་པ་སྨོས་མེད་དང་།  གཞན་ཡང་འབྲོང་པ་བར་སྨད། སྤམ་དཔལ་ཁ།  སྐྱོ་བྲག་ཇ་འཛོ་སོགས་ཀྱི་བླ་མ་དགོན་ཁག་གི་ཡུལ་སྡེ་མི་སེར་རྣམས་དང་།  ཆོས་དང་དམ་ཚིག་གི་འབྲེལ་ཆེ་བས་མཚོན་སྒོམ་སྡེ་ནང་ཆེན་པའི་ཕྱོགས་ཡོངས་དང་།  དེམ་ཆི་ཉེར་ལྔ་ཕལ་མོ་ཆེ།  ལྕི་སྨད་རྡོ་ཤུལ། ཁྱུང་པོ་དཀར་ནག་སེར་གསུམ།  ནག་རུ་འབོ་གཡམ་སོགས་ཚོ་པའི་ཡུལ་ཕྱོགས་ལའང་ལེགས་མཛད་མཚན་སྙན་གྱིས་མ་ཁྱབ་པ་མེད་པ་ལྟ་བུར་གྱུར།   

བྱེ་བྲག་ནང་ཆེན་རྒྱལ་སྲས་ཨ་ཆེན་ནས་རྗེ་ཉིད་ལ་ཞབས་བརྟན་སྨོན་ཚིག་ཕུལ་བ་དང་། སྐུ་མཆེད་མགོན་པོ་བསྟན་གྲགས་སྤྲུལ་སྐུ་ནས་འབའ་རོམ་དགེ་བསྙེན་རྩམ་ཆེན་ལྷ་སྒོའམ། བསམ་གཏན་གང་བ་བཟང་པོའི་གསོལ་བསྡུས་བརྩམས་པས་རྟེན་འབྲེལ་ལེགས་ཕྱོགས་སུ་གྱུར་པ་སོགས་མཐའ་ཡས་ཀྱང་མཚོན་ཙམ་དང་། རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ། རབ་རྒྱལ་ལྕགས་འབྲུག་ལོ་མཇུག༡༩༤༡ལོར་རང་དགོན་དུ་གདན་དྲངས་ནས་ཆིབས་བསུ།  སེར་སྦྲེང་། བསྙེན་བཀུར་འབུལ་ཆེན་བཏེགས་པ་སོགས་རླབས་ཆེན་ཚོགས་གཉིས་གསོག་པའི་ཐུགས་སྟོབས་ཆེན་པོས་ཟང་ཟིང་རྒྱུ་ནོར་གྱི་དངོས་པོ་སྐུ་ཡིས་ཡོངས་སུ་བཟུང་བ་མཐའ་དག་སྤོང་དག་གིས་ལེགས་འབུལ་སུས་ཀྱང་འགྲན་ཟླ་བྲལ་བར་མཛད། རྟ་རྣ་དགོན་དུ་ཞབས་སྐྱེལ་དུ་ཕེབས་ཏེ་རྟ་རྣའི་ནང་རྟེན་དམ་འབྱར་མ་རྣམས་རྒྱལ་དབང་རིན་པོ་ཆེས་ཞིབ་གཟིགས་མཛད་པའི་ཞར་བྱུང་དུ་གླིང་གི་ཕྱག་རལ་རྣམས་ཞིབ་མཇལ་མཛད།

དཔལ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་ཤིན་ཏུ་སྐུ་ན་ཕྲ་བའི་དུས། རྒྱ་གར་དུ་བཙན་བྱོལ་མཛད་སྐབས་ལམ་ཞུགས་ཚུགས་སོ་ནས་མཇལ་གཅར་ཞུས་ཏེ། དེ་བཞིན་འབུལ་རྫོངས་ཕུན་སུམ་ཚོགས་པ་ཞུས། རིང་མིན་རྗེ་ཉིད་ཀྱང་རབ་རྒྱལ་ས་ཁྱི༡༩༥༨ལོའི་དུས་འགྱུར་གྱི་འཚུབ་ཟིང་ལ་གཡོལ་ཆེད། ཁྱུང་པོ་གསེར་རྩ་སྦྲུ་སྲུ་རོང་སོགས་བརྒྱུད།  སྤོ་བོ་སྙེ་བོ་རོང་བར་ཕེབས་ཏེ། ཉིད་ཀྱི་དགོངས་གཏེར་ཟིལ་གནོན་བླ་མ་དྲག་པོའི་གཙོས་སྤྲོས་བཅས་དང་སྤྲོས་མེད་ཀྱི་རྣལ་འབྱོར་གྱིས། སྐལ་ངན་དུས་རྒུད་སེལ་བའི་ཐུགས་དམ་ནར་མར་མཛད། ས་ཕག་ལོར་རྒྱ་དམག་གིས་མདོ་ཁམས་ཆུ་བཞིའི་བྲོས་བྱོལ་པ་རྣམས་ཡོངས་སུ་བཅོམ་སྐབས། རྗེ་ཉིད་ནང་འཁོར་དང་བཅས་པ་ཉེ་ཞོ་མེད་པར་མགོ་ཐོན་པ་དང།  དུས་ཟིང་ཅུང་ཞོད་འཇགས་ཀྱི་སྐབས་དང་བསྟུན་ནས་མངོན་མཚན་མེད་པར་ལྕགས་བྱི་ལོ་སྐོར། ལྕི་སྨད་ལྗིག་གཞུང་སོགས་སུ་ལོ་ཤས་བཞུགས།  རྒྱ་གཞུང་ནས་ཆོས་དང་མི་རིགས་སྲིད་ཇུས་དོན་འབབ་ཀྱི་གུ་ཡངས་ཕྲན་བུ་བྱུང་རྗེས། རིམ་པས་རང་ཡུལ་དུ་ཕེབས་ནས་མི་མང་སྤྱི་ཁང་གི་སྨན་པ་དང་། རྫོང་ཁུལ་རྣམས་སུ་སྲིད་གྲོས་ཀྱི་མཐུས་ཚབ་སྲིད་གསར་སློབ་སྦྱོང་འཛིན་གྲྭ་སོགས་ལ་ཕེབས་དགོས་ཀྱི་བཀོད་སྒྲིག་བྱས།  དེའི་སྐབས་སུ་དགོས་དབང་དང་འབྲེལ་བའི་བཞུགས་བཞེས་གསར་བཟུང་མཛད་པས། ཤིང་སྦྲུལ་ལོ་ནས་བཟུང་རིམ་པར་གདུང་སྲས་ལྕམ་དྲལ་རྣམས་འཁྲུངས།

འོན་ཀྱང་མེ་རྟ་ལོ་ནས་རྒྱ་བོད་ཡུལ་གྲུ་ཀུན་ཏུ་རིག་གསར་རྙིང་གཏོར་གསར་འཛུགས་སྲིད་ཀྱི་འགུལ་སྤྱོད་ཛ་དྲག་ཆེན་པོའི་སྐབས་འོ་བརྒྱལ་དང་།  སྐུ་ངལ་ཆེན་པོ་གཏད་པ་མ་ཟད། ས་བྱ་ལོར་གཅིག་རྒོལ་གསུམ་རྡུང་འགུལ་སྤྱོད་ཀྱིས་ཤིན་ཏུ་ཉེན་ཁའི་གནས་བབས་ཀྱིས་སླར་ཡང་གསང་བ་སྦས་པའི་སྒོ་ནས།  བོད་ལྗོངས་ས་ཕྱོགས་སུ་ཉེན་གཡོལ་མཛད། སོག་རྫོང་མངའ་ཁོལ་རོང་པོ་བར་སྐེད་སེ་བོ་བླ་མ་ཀར་འཛིན་དང་། ཅུང་པ་གཟུ་སྟོད་དུ་རང་གི་ཡབ་རྒན་ཡེ་བེ་ཀུན་དགའ་བཀྲ་ཤིས།  སྐྱོ་བྲག་བླ་མ་རིན་པོ་ཆེ་གཉུ་བ་མི་འགྱུར་རྣམས་ཀྱིས་གསང་རྒྱའི་ངང་ཞབས་ཞུ་བསྒྲུབས་པས།  རྒྱ་གཞུང་གིས་ས་གནས་དེ་ཕྱོགས་ཀྱི་གྱེན་ལངས་ཞོད་འཇགས་དམག་དཔུང་དང་། སྲིད་ཁྲིམས་ཀྱི་དོ་དམ་མེ་ལས་ཁ་ཚ། རྦབ་ལས་བང་མགྱོགས་པ་ཤ་སྟག་གིས་བཅུན་ནས། ཅི་བྱ་གཏོལ་མེད་ལྟ་བུར་གྱུར་ཀྱང་། ཨ་འགྱུར་རིན་པོ་ཆེའི་ཡོན་བདག་དང་སློབ་མ།  རང་རེའི་གྲོགས་པོ་བློ་ཐུབ་འཐེབས་གཉེར་གཡག་པ་དང་།  ཅུང་པ་དཔོན་ཚང་གཉིས་ཀྱི་རོགས་དན་བརྒྱུད་ཟླ་ཆེན་མཁར་པོ་ཇོ་མོ་གཉེར་པ་གཉིས་ནས་སྦས་སྐུང་ཞབས་ཞུ་བཅས་དཀར་ཤོད་ཇོ་མོ་ནང་། ཤང་གབ་དཔལ་ཆེན་ཕོ་བྲང་རྒོད་ཚང་ཡང་དབེན་རི་སུལ་གླང་འཛིང་རྫ་བྲག་གསེབ་ཏུ། ཕྱི་ལྟར་གབ་ཡིབ་སྐུ་ངལ་དཀའ་སྤྱད་ཆེ་ནའང་། དོན་དུ་ཞལ་འདོན་ཆོས་སྤྱོད་སྒྲོལ་མ་འབུམ་ཐེར་མང་པོ་བསགས་པ་སོགས་ཐུགས་དམ་བོགས་འདོན་བཟང་བས།  ཉམས་སྣང་ཞལ་གཟིགས་དང་། ཟབ་གཏེར་དགོངས་པའི་གཏད་རྒྱ་གྲོལ་ནས་བསྟན་འགྲོའི་དུས་ཀྱི་མུན་པ་སེལ་བའི་མཛད་ཕྲིན་འོད་སྣང་གི་སྐྱ་རེངས་ཐོག་མར་སད་པའི་དགེ་མཚན་དུ་གྱུར།

ལྕགས་ཕག་ཆུ་བྱི་ཆུ་གླང་སྐོར་སྔ་རྗེས་སུ།  རང་རེ་ནང་སྐོར་རྣམས་ལ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནས་ཀཿཐོག་མཁན་ཉ་བླ་ཨ་སྟོབས་སམ་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ།  འཛི་སྒར་ཀོང་སྤྲུལ་བློ་གྲོས་རབ་འཕེལ་ལས་བརྒྱུད་པའི་རིན་ཆེན་གཏེར་མཛོད་ཀྱི་དཔེ་རྒྱུན་གང་ཡོད་དང་།  རྫ་དཔལ་སྤྲུལ་འཇིག་མེད་ཆོས་ཀྱི་དབང་པོ་ནས། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་དང་། དཔལ་ཡུལ་པད་ནོར་སྤྲུལ་སྐུ་སོགས་ནས། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་ཁྱུང་སྤྲུལ་རིན་པོ་ཆེར་བརྒྱུད་པའི་ཀློང་ཆེན་སྙིང་ཐིག་དུམ་གཉིས་མ། གཞན་ཡང་མཆོག་གླིང་གཏེར་གསར་ཆོས་སྐོར།  འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གེ་སར་རྡོ་རྗེ་ཚེ་རྒྱལ་སྒྲུབ་སྐོར་སོགས་དབང་ལུང་ཟབ་ཁྲིད་མང་པོ་དང་། རྗེ་ཉིད་ཀྱི་དགོངས་གཏེར་ཧཱུྃ་ནག་སྙིང་ཐིག་གི་སྨིན་གྲོལ་ཡོངས་རྫོགས།  ད་དུང་ཐུན་མོང་སྨན་རྩིས་རིག་གནས་སློབ་སྟོན་གྱི་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། གཞན་ཡང་བསྟན་འགྲོའི་དུས་རིམ་དགོངས་གཏེར་གསར་ཕབས་ཀྱིས་ལས་སྦྱོར་ལོ་ནར་མར་མཛད།

ཤིང་སྟག་ལོར་རང་གི་ཁྱིམ་འཚེས་དགེ་རྒྱལ་སྨད་མ་མགོན་རྒྱལ་ཚང་དང་འགྲོགས་ནས། སྦས་གསང་དམ་པོས་དགེ་རྒྱལ་དུ་ཆིབས་བསྐྱོད་མཛད། དགུན་དུས་ཕྱུག་རྫི་དང་། དབྱར་དུས་མཚེར་སྲུང་སོགས་མངོན་ཆུང་མཛད་ནས་བཞུགས།  འོན་ཀྱང་དམ་པའི་ངང་ཚུལ་འགོག་མེད་རང་ཤུགས་ཀྱིས་གསལ་བས། དཔྱོད་ལྡན་ལས་སྐལ་ལྡན་པ་རྣམས་ལ་ཆོས་དང་རིག་གནས་ཀྱི་འབྲེལ་བའི་འདུ་འགོད་དྲི་ལྡན་པདྨར་བུང་བའི་ཚུལ་ལྟར་གྱུར་པ་སྟེ། རྫོགས་ཆེན་དགོན་པའི་དགེ་སློང་བསྟན་རབ་དང་། བློ་རྒྱམ། དེལ་ཡག་དགོན་པའི་དགེ་སློང་དངོས་རྡོར།  སྨན་པ་ངེས་དོན།  རབ་འབྱོར་དགོན་པའི་དགེ་སློང་མཁྱེན་རབ། ཉ་ཡག་དགོན་པའི་མགོན་བླ་ངག་དབང་རྣམ་རྒྱལ། གནས་མདོ་དགོན་པའི་ཧོར་ཚང་ཚ་དགའ། ཀར་བསོད་སྤུན་གཉིས། སྨན་པ་ཆོས་རྒྱལ། འབྲོང་པ་དགའ་དབང་སྤུན་ཕ་བུ་རྣམས་དང་། མགོན་རྒྱལ་ཚང་ཁྱིམ་ཁག་ལྔ། ས་ཆེན་འབྲོག་སྡེའི་མགོ་ཁྲིད་རྒན་པ་ཀརྨ་སྦྱིན་པ་རྣམས་ལ་ནང་ལུགས་གསང་བའི་སྒོ་ནས་ཆོས་འབྲེལ་དབང་ལུང་ཟབ་ཁྲིད་དང་། སྨན་རྩིས་ས་དཔྱད་སྣ་ཚོགས་པས་རྗེས་སུ་བཟུང་། མངོན་ལྐོག་ཅི་རིགས་ལ་ཤི་ཆོས་གསོན་རིམ་ཆོས་འབྲེལ་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱིས།  འགྲོ་བའི་མོས་སྣང་དམ་པའི་ཆོས་ཕྱོགས་སུ་བསྒྱུར་ནས་མཐོ་རིས་དང་ཐར་པའི་ལམ་ལ་བཀོད། དངོས་མེད་ལྷ་འདྲེའི་འགྲོ་དོན། ཟླ་རྒྱལ་རྡོ་རྗེ་དབང་དྲག     གངས་རི་མཚོ་སྨན། རྨ་རྒྱལ་མཆེད་གསུམ། ལྷ་བཙན་རྒོད་རྒན།  ས་ཆེན་རྫ་རི་དམར་པོ། རྩི་རྒྱལ་ཇོ་བོ་བཅས་ལ་བསང་གསོལ་གཏན་ལ་ཕབས་ཏེ་རི་ཁྲུས་དང་།  རི་བསང་། ཀླུ་བསང་། གནོལ་བསང་། བྱིན་འབེབས། རབ་གནས། ལྷ་སྲིན་དམ་བསྒྲགས་སོགས་མཛད་པས། གངས་ཆེན་དང་རླུང་ཆེན།  ན་ཤི་དུར་གསུམ་གཅོད་པའི་མཛད་འཕྲིན་བཟང་པོའི་སྐྱོང་བར་མཛད་པ་དང་། དབྱར་ཐན་པ་ཆེ་བའི་སྐབས་ཆར་སློང་།  ཆར་འབོད་མཛད་པས་འཕྲལ་དུ་ཆར་ཆེན་བབས།  གཞན་ཡང་ཡུལ་སྡེའི་གྲོང་ཚོ་གཅིག་ནས་མི་མང་ཤི་ཆད་བྱུང་ནས།  གཏོ་མདོས་རིམ་གྲོ་སྨན་དཔྱད་གང་གིས་ཀྱང་ཕན་བསྐྱེད་མ་བྱུང་བར་ན་ཚབ་ཇེ་ཆེར་སོང་བའི་རྐྱེན་གྱིས།     བླ་མར་ལྐོག་ཞུ་ཕུལ་བས་ཁྱེད་རྣམས་ལ་ཡུལ་འདྲེ་ངན་པའི་འཁོན་སེམས་འདུག་པས་གཞན་གང་གིས་ཀྱང་ཕན་པར་དཀའ། འདིས་བསུར་བསྔོ་གྱིས་དང་དྲག་འོང་གསུངས་ནས་བླ་མ་རིན་པོ་ཆེས། སྐབས་སུ་བབས་པའི་བསུར་བསྔོ་མདོར་བསྡུས་ཞེས་པ་གནང་ནས་བསུར་བཏང་བས་ནད་ཡམས་དེ་མ་ཐག་ཆད། མཚེར་སྲུང་བཞུགས་དུས་འབྲི་ཞིག་ཇི་ལྟར་བཀག་ཀྱང་ཉིན་ལྟར་ལྗང་ཡུང་ཟ་ཤོར་བས། རིན་པོ་ཆེས་འབྲི་ལ་སྙིང་རྗེ་ཚད་མེད་པས་བདེ་སྡུག་བཏོང་ལེན། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚམས་སྦྱར་ཞིབ་དཀྲོལ་མཛད་པས་དེ་ནས་བཟུང་ཞིང་ནང་དུ་མ་ཡོང་།  དུད་འགྲོ་ལ་ཡང་ཉན་ཤེས་འདུག་གསུངས།  ཡང་ཕྱུག་རྫི་མཛད་སྐབས་གཡག་གསར་གཅིག་སུས་ཀྱང་སྔུན་མ་ལོན་པར་ཤོར་བས། བླ་མས་ཁྱོད་འབྲོང་པ་བན་ཐུང་གིས་ཁུག་གསུངས་པས། གར་ཡང་མི་འགྲོ་བར་འདུག་གསུང་པའི་ཞལ་འཕྲོས་ངོ་མཚར་བའང་ཐོས།  གང་ལྟར་ཡུལ་དེར་བཞུགས་ནས། ཐུགས་དམ་ཉམས་བཞེས། ལྗགས་རྩོམ་སྣ་ཚོགས་ལེགས་གྲུབ་དང་།  བསྟན་འགྲོ་སྤྱི་ལ་དགོངས་པའི་ཟིལ་གནོན་བླ་མ་དྲག་པོའི་ལས་སྦྱོར་ལོ་རྒྱུན་ལྟར་མཛད་པས། མེ་འབྲུག་ལོར་གྲུབ་དོན་ཕུན་སུམ་ཚོགས་སྐབས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་དབྱངས། ཨོཾ་སྭ་སྟི།  དགེ་ལེགས་དང་པོ་ཞེས་སོགས་གནང་། ངེས་པ་དོན་དུ་གནས་པའི་འགལ་རྐྱེན་གང་གིས་ཀྱང་མ་ཚུགས་པར་ཉི་མ་སྤྲིན་ལས་གྲོལ་བ་ལྟར།  ཡང་དར་རྒྱལ་བསྟན་སླར་གསོའི་རྫོགས་ལྡན་གསར་པའི་དུས་སྟོན་དར་བ་ཀུན་གྱིས་མཁྱེན་ཅིང་གསལ་བ་འདི་ཡིན་ལ།  རིམ་གྱིས་རྒྱ་གཞུང་གིས་ས་རྟ་ལོར་ལྟེ་བའི་ལས་ཀ་བསྒྱུར་བའི་ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་ནང་དོན་ལྟར། གུ་ཡང་ཀློད་དགྲོལ་གྱི་སྲིད་ཇུས་དངོས་བབས་ཀྱི་སྐབས་བསྟུན།  ས་ལུག་ལོར་དགེ་རྒྱལ་ནས་སྐྱོ་བྲག་བརྒྱུད། གསལ་དུང་མཆོག་སྤྲུལ་རྣམ་གཉིས་མཇལ་འཕྲད་མཛད།  ནང་ཆེན་རྫོང་དུ་འབྲེལ་གཏུགས་མཛད་པས་བདེ་བླག་ངང་བཞུགས་བཞེས་སུ་ཕེབས་འབྱོར་གྲུབ། 

དེ་ནས་རིམ་པར་བྲག་སེར་དགོན་གོ་གཞུང་མཉམ་ལས་སྨན་ཁང་དུ།  འབྲོང་པ་སྦྲ་ཆེན་བླ་མ་རྒྱལ་མཚན་སྐུ་མཆེད་སོགས་ཀྱིས་ཞུ་བསྐུལ་མཛད་ནས། གཡུ་ཐོག་སྙིང་ཐིག་སོགས་དབང་ལུང་འཆད་སྤེལ་དང་། སླར་ཡང་སྨན་སྒྲུབ་ཆེན་མོ་འཚོགས།  ཡུག་གི་བེ་རུ་དགོན་དུ་སྐྱ་སེར་མང་པོར་སྟབས་རྡོ་རྩིས་པ་ཀུན་དགའ་དབང་ཕྱུག་དང་ཕྱག་སྦྲེལ་གྱིས།  སྐར་རྩིས་ས་རིས་ཁྲིད་སྟོན་མཛད།  རིམ་པར་སྡོམ་པ་དང་། ཀཿགཞུང་། ཚངས་སར།  ལྕི་ཉིན་སྲིབ་ཤོག་ཀ་སོ་སོའི་བླ་དགོན་སྤྱི་སྒེར་རྣམས་ལ་འདོད་ཆོས་དབང་ལུང་ཁྲིད་རྒྱུན་ཅི་རིགས་གནང་ནས། བསྟན་པའི་ཉམས་རྒུད་གསོ་བའི་ཆོས་ཆར་ནར་མར་ཕབས། ལྕགས་བྱ་ལོར་རྟ་རྣ་དགོན་དུ་བླ་མ་པད་འགྱུར་གྱིས་བཀའ་བརྒྱུད་སྔགས་མཛོད་གནང་བའང་གསན་བཞེས་མཛད།

རང་དགོན་སླར་གསོའི་སྐབས་ཐོག་མར་དུས་མཆོད་རྣམས།  བླ་བྲང་ནང་དབུ་འཛུགས་མཛད་ནས་ལོ་ཤས་དེ་མུར་བཞུགས།  དུས་ཀྱི་འཕོ་འགྱུར་གྱིས་བསྟན་པ་སྤྱི་དང་མཚུངས་པའི་རང་དགོན་རྣམ་རྒྱལ་གསང་བ་ལྷ་རྩེའི་ཆོས་སྡེ་ཐུབ་བསྟན་རྣམ་དག་གླིང་ཡང་། ཆགས་ཤུལ་དུ་གྱུར་པས།  འདུས་སྡེ་གྲྭ་ཚང་རྣམས་ཀྱི་འདོད་མོས་ལྟར།  ཤིང་བྱི་ལོ་དང་།  ཤིང་གླང་ལོ་སྐོར་ནས་རྗེ་ཉིད་ཀྱི་ཕྱག་རྫས་ཕངས་མེད་དུ་བཏང་ནས།  སྔར་ལས་ལྷག་པའི་འདུ་ཁང་རྟ་བབས།  གློ་འབུར། དྭངས་ཤེལ་གྱི་དྲྭ་བས་མཛེས་ལ་བཀྲ་བ་བཞེངས། སྒྲུབ་ཁང་ཇ་ཁང་སོགས་སྔར་གྱི་ཉམས་པ་རྣམས་རྨིང་ནས་གསོས། མེ་ཡོས་རབ་བྱུང་བཅུ་བདུན་པ་གསར་དུ་ཚེས་ནས།  སྒྲུབ་གྲྭ་གསར་སྒྲིག་མི་གྲངས་གཏན་འཇགས་མཛད།  གཞན་ཡང་སྐུ་ན་གཞོན་དུས་ནས་ཐུགས་འདུན་ཡོད་པ་ལྟར་བསམ་འགྲུབ་མཐོང་སྨོན་གླིང་དུ།  འདུ་ཁང་ཀ་བ་བཅུ་གཉིས་དང་།  གཟིམ་ཆུང་། མགོན་ཁང་། ཇ་ཁང་བཅས་དང་། བཤད་གྲྭ་ཁང་ཤག་མིག་བཅུ་བདུན་འདུ་ཁང་ར་བ་དང་བཅས་གསར་བཞེངས་མཛད། གསར་དུ་བཞེངས་པ་དང་བསླུ་ཡོན་ཕུལ་ནས་ཕྱག་འབྱོར་བྱུང་བ་སོགས་རྟེན་གསུམ་ལ།  འབའ་རོམ་ཁང་དུ་འབའ་རོམ་པའི་འདྲ་ཞལ་ལྡེར་སྐུ་མི་ཚད་ཙམ་བྱིན་ལྡན། འཁོར་དུ་དབོན་རྒན་རྒྱལ་བ་གྲགས་པ་དང་། དབོན་ཤེས་རབ་བྱང་ཆུབ་གཉིས་ཀྱིས་བསྐོར་བ་ཁུ་དབོན། འབྲི་གུང་སྐྱོབ་པའི་ཧོར་སྐུ་ཚེམ་མུར་གསུང་བྱོན་མར་གྲགས་པ་རྐང་གང་། སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་རྒྱ་གར་ཤར་ལི་རྐང་གང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ལྷོ་དཔལ་གྱི་རི་ནས་གདན་དྲངས་པར་གྲགས་ཤིང་།  ཇོ་བོའི་ཐུགས་དམ་ཡིན་པར་གྲགས་པའི་སྒྲོལ་སྐུ་བྱིན་ལྡན་མཛུབ་གང་བ། ནང་ཆེན་སྐུ་འབུམ་རྩར་ཆགས་སྐབས་ཀྱི་ནང་རྟེན་ཡིན་པར་གྲགས་པའིི་མགོན་པོ་ཕྱག་བཞི་པའི་མདོས་ཐང་སོགས་ཞལ་ཐང་བརྒྱ་ལྷག་གོང་གཤམ་ཁེབས་བཅས་དངོས་གཙང་བཞུགས།

གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་གྲངས།   བསྟན་འགྱུར།    རྙིང་བརྒྱུད། ཀློང་ཆེན། འཇིགས་གླིང། མཁྱེན་བརྩེ། མི་ཕམ། སི་ཏུ་ཆོས་འབྱུང་རྣམས་ཀྱི་བཀའ་འབུམ། མཛོད་ཆེན་རྣམ་ལྔ།   ཏི་ཤྲཱི་རས་པའི་བཀའ་འབུམ། འབའ་རོམ་ཆོས་སྐོར་ཡོངས་རྫོགས།  གཞན་ཡང་བཀའ་གསར་རྙིང་།  རྩིས་དཀར་ནག གསོ་བ་རིགས་པའི་གཞུང་སོགས་གསུང་རྟེན་སྤོད་བརྒྱད་བརྒྱ་ལྷག་བཞུགས། ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་མཆོད་སྡོང་མི་ཚད་ལྷག་ཙམ་དང་། འགྲོ་མགོན་ཕག་གྲུའི་ཐུགས་དམ་གྱི་རྟེན་དུ་གྲགས་པ་བཀའ་གདམས་མཆོད་རྟེན་རྐང་གང་བཅས་བཞུགས་པ་སོགས་བསྟན་པ་ཡང་དར་སླར་གསོའི་སྐབས་འདིར་སྔར་ལས་བསྟན་པ་ཡར་ལྡན་གོང་འཕེལ་དུ་གྱུར་པའོ།   །

བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །

གདུལ་བྱར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །

 བདག་སོགས་སྙིགས་དུས་འགྲོ་བ་མགོན་མེད་རྣམས། །

འབྲེལ་ཚད་དོན་ལྡན་རླབས་ཆེན་སྤྱོད་པ་ཡིས། །

ཡིད་ཅན་ཐར་གླིང་འདྲེན་པའི་དེད་དཔོན་ཆེ། །

དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོ་ལས། །

མོས་བློ་ཀུ་ཤའི་རྩེར་བླང་ཟེགས་མ་རེས། །

སྐལ་བཟང་དད་སྤྲོའི་སིམ་པ་ཅིར་ཡང་སྟེར། །

ཞེས་ངལ་གསོའི་ཚིག་ལེའུར་བྱས་པའང་བརྗོད་དོ། །

གཉིས་པ་ཟབ་གཏེར་ལས་འཕྲོ་སད་ནས་དགོངས་བརྒྱུད་གཏད་རྒྱ་གྲོལ་བའི་ཚུལ་ནི།

ཞལ་གསུང་གསོལ་འདེབས་ལས།  ཇི་སྐད་དུ། པདྨས་རྗེས་བཟུང་དམ་པའི་རིགས་སད་ཅིང་།   །གསང་བ་ཟབ་མོའི་མཛོད་ལ་མངའ་དབང་བསྒྱུར། །བདེ་བ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པའི། །ཁྲག་འཐུང་འཇིགས་མེད་དབང་པོར་གསོལ་བ་འདེབས།  །ཞེས་གསུང་པའི་དོན་ཞིབ་དཀྲོལ་དུ་བརྗོད་ཁུལ་བགྱིས་ན། ངོ་བོ་གུ་རུ་པདྨ་འབྱུང་གནས་ཡབ་ཡུམ་དང་།  རྣམ་པ་གཏེར་ཆེན་སངས་རྒྱས་གླིང་པའམ་མཚན་གཞན་ཨོ་རྒྱན་རིན་ཆེན་གླིང་པ། རིག་འཛིན་འཇའ་ཚོན་སྙིང་པོ་ཧཱུྃ་ནག་མེ་འབར་ཨོ་རྒྱན་ལས་འཕྲོ་གླིང་པ། སྟག་ཤམ་ནུས་ལྡན་རྡོ་རྗེ་བསམ་གཏན་གླིང་པ་གསུམ་གྱི་ཡེ་ཤེས་ཀྱི་སྐུས།  ཡང་དང་ཡང་དུ་རྗེས་སུ་བཟུང་ནས། ཟབ་གཏེར་དགོངས་པའི་གཏད་རྒྱའི་བརྡ་རིས་ཡོངས་སུ་གྲོལ། ཟག་མེད་མཁྱེན་རབ་ཡེ་ཤེས་ཀྱི་གཟིགས་པའི་རྩལ་ཁ་ཕྱོགས་མེད་དུ་རྒྱས། ནང་གི་ལམ་ནས་ཟུང་འཇུག་བདེ་ཆེན་རྡོ་རྗེའི་གོ་འཕངས་ལ་བདེ་བླག་ངང་གཤེགས་པའི་རྩལ་ལས་ཤར་བའི་སྙིགས་དུས་འགྲོ་འདུལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་སྟེ། ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ལས། ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་། །སྐུ་གསུམ་བསྟན་པ་དར་ཞིང་རྒྱས། །བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་། །ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས། །རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་། །མན་ངག་རྒྱ་མཚོའི་བསྟན་པ་རྒྱས། །ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་། །དགོས་འདོད་ཡིད་བཞིན་བསྟན་པ་རྒྱས། །ཞེས་གསུངས་པས་མཚོན་མདོ་རྒྱུད་བཀའ་གཏེར་དུ་མའི་རྡོ་རྗེའི་ལུང་གིས་འགྲོ་བ་མཐའ་ཡས་པའི་དོན་དུ་ནམ་མཁའ་ཇི་སྲིད་བར། ཟབ་མོ་གཏེར་གྱི་འགྲོ་དོན་དང་། བསྟན་པ་རྒྱ་ཆེར་རྒྱས་པའི་ལུང་གསལ་བར་བསྟན་པ་བཞིན། རབ་རྒྱལ་མེ་སྤྲེལ་དབོ་ཟླའི་ཚེས་བཅུ་གསུམ་ནུབ་མོ།  མཐའ་དམག་ཀླ་ཀློའི་དཔུང་དང་། རྒྱལ་བསེན་དམ་སྲིའི་ཆོ་འཕྲུལ་གྱིས་བསྟན་འགྲོའི་དཔལ་ཡོན་འཕྲོག་པའི་སྔ་ལྟས་སུ།  ཐུགས་ལ་འཇིགས་སྔངས་དྲག་པོ་བྱུང་བའི་རྐྱེན་གྱིས་གཏན་ལ་ཕབ་པའི་དྲག་པོ་ཧཱུྃ་ནག་སྙིང་ཐིག་ལས༔ ཀླ་ཀློའི་འཇིགས་སྐྱོབས་གསོལ་འདེབས་བཞུགས༔ ཞེས་པའི་ཟིལ་གནོན་བླ་མ་དྲག་པོའི་ཐུགས་དམ་གནད་བསྐུལ་གསོལ་འདེབས་དང་། ཀླ་ཀློ་ཟློག་པའི་གནད་བསྐུལ་སོགས་གཏན་ལ་ཕབས་ཏེ། ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་མཛད།

ས་ཁྱི་ས་ཕག་འཚུབ་ཟིང་སྐབས་ལྗོངས་ལྷ་སྨུག་པོས་སྐྱོང་བའི་ཨ་ལ་རྔོད་རྒྱ་མཚོ་གླིང་གི་ཉེ་ཞོལ། ལྷོ་སྤོ་བོའི་ས་ཕྱོགས་ཨ་ཏ་རོང་སྦས་གནས་ཀྱི་བྱེ་བྲག་ལ། ཕུ་ལུང་གི་གནས་པོ་རིན་ཆེན་བྲག་གི་མདུན་ཞོལ། ནོར་གཞོང་ཐང་སོགས་སུ་དྲག་པོ་ཧཱུྃ་ནག་སྙིང་ཐིག བླ་མ་རིག་འཛིན་ཡོན་ཏན་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ  རྡོ་རྗེ་དྲག་པོ་རྩལ་གྱི་སྒྲུབ་ཐབས་སྨད་ལས་གཏོར་ཟློག  གེ་སར་སྐྱེས་བུའི་གསོལ་མཆོད་རྣམས་གཏན་ལ་ཕབས་པ་ལས།  ཇི་སྐད་དུ། བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་ངས༔ སློབ་མ་རྗེས་འབངས་སོ་སོའི་མོས་བློ་དང༔ བསྟུན་ཏེ་རང་གིས་སྒྲུབ་ཐབས་གྲངས་མེད་བརྩམས༔ ཀུན་དྲིལ་གསང་བ་ཁྲོ་བོར་བསྒྲུབ་པའི་ཚུལ༔ སྟག་ཚང་མིང་ཅན་བཅུ་གསུམ་རྣམས་སུ་སྦས༔ ལས་ཅན་བུ་ལ་གཉེར་གཏད་སྨོན་ལམ་བཏབ༔ དེ་ཡང་རྡྭ་ཏིའི་མཚོ་བྲག་གཉིས༔ འབྲིང་པོ་མོན་གྱི་སྤ་གྲོ་སྟག་ཚང་སྦས༔ བསྡུས་པའི་སྐོར་རྣམས་ཁམས་བོད་སྟག་ཚང་ངོ༔ ཤིན་ཏུ་ཟབ་པ་བླ་མའི་དྲག་སྒྲུབ་འདི༔ སྙིང་གི་བུ་མཆོག་ཨ་ཙཱར་ས་ལེར་གདམས༔ ཧཱུྃ་ནག་སྙིང་གི་ཐིག་ལེའི་བཅུད་དུ་སྦས༔ མ་འོངས་སྐྱེ་འགྲོ་མཐའ་དམག་གིས་བཅོམས་ན༔ རེ་ལྟོས་སྐྱབས་བྲལ་མགོན་མེད་འཁྱམས་པའི་ཚེ༔ ནད་མཚོན་མུ་གེ་དམག་འཁྲུག་འཇིགས་པས་གནར༔ དེ་འདྲའི་དུས་ན་སྐྱོབ་བྱེད་རྡོ་རྗེའི་གོ༔  རྡོ་རྗེའི་མིང་ངམ་པདྨའི་མིང་འཛིན་པའི༔ སྔོན་གནས་རྗེས་དྲན་ཐུགས་ཀྱི་ཀློང་ནས་བརྡོལ༔ དམ་ལྡན་རྣམས་ཀྱིས་ཡལ་བར་མ་དོར་བར༔ ཟླ་གཅིག་ཞག་བདུན་ཙམ་དུ་བསྒྲུབ་པ་ན༔ བར་ཆད་འཕྲང་སྒྲོལ་སྦས་གནས་སྒོ་མང་འགྱེད༔ མི་འཇིགས་བཙན་ས་ཟིན་པར་ཐེ་ཚོམ་མེད༔ ང་ཡི་རྗེས་འཇུག་རྣམས་ཀྱི་ཐུགས་ལ་ཞོག༔ ཅེས་དང་། ཨེ་མ་བདག་ཉིད་པདྨ་ཐོད་ཕྲེང་གིས༔ བོད་ཁམས་སྙིགས་མའི་འགྲོ་ལ་བརྩེ་བའི་ཕྱིར༔ རང་གི་སྒྲུབ་ཐབས་གྲངས་མེད་བརྩམས་ནས་ནི༔ ལས་ཅན་བུ་ལ་རྗེས་སུ་གདམས་པར་བྱ༔ ཤིན་ཏུ་ཟབ་པ་བླ་མའི་དྲག་སྒྲུབ་སྐོར༔ དེ་ཡི་ལས་སྦྱོར་ཚར་གཅོད་གཏོར་ཟློག་བཅས༔ ཨ་ཙཱར་ས་ལེའི་སྐལ་པར་གཉེར་དུ་གཏད༔ སྦས་ཡུལ་རྡོ་རྗེ་ཚེ་ཡི་གནས་མཆོག་གི༔ གཏན་འཁྱིལ་མཚོར་སྦས་དུས་ཀྱི་ཐ་མ་རུ༔ རྡོ་རྗེའི་མིང་ཅན་འམ་ནི་གར་གྱི་དབང༔ སྐྱེ་བའི་ཕྲེང་འཛིན་གིས་ཐོན་བར་ཆད་ཟློག༔ དེ་ལས་འགྱང་ན་མཆོག་སྤྲུལ་སྐྱེ་བའི་མཐའ༔ པདྨའི་མིང་འཛིན་ཀུན་སྤྱོད་གདོལ་པའི་ཚུལ༔ མ་ངེས་རྣལ་འབྱོར་དགོངས་པའི་ཀློང་ནས་བརྡོལ༔ སྨོན་ལམ་རྟེན་འབྲེལ་འཛོམས་ན་སྒྲུབ་པའི་སྐོར༔ སྡུག་བསྔལ་སེལ་བྱེད་ནོར་བུའི་ཚུལ་ལྟ་བུ༔ ལས་ཚོགས་བཅུ་གསུམ་ཁ་ཚངས་དོན་འབྲེལ་འབྱེད༔ ཐེ་ཚོམ་མེད་པའི་ལས་ལྡན་འགའ་ཞིག་རྣམས༔ འཇིགས་སྐྱོབས་དུས་ཀྱི་འཕྲང་ལས་སྒྲོལ་བར་ནུས༔ ཞེས་གསུངས་པའི་བདེན་དོན་མངོན་དུ་གྱུར་ཏེ། རྗེ་ཉིད་ལྟོས་བཅས་དང་བཅས་པ་འགལ་རྐྱེན་དུས་ཀྱི་འཚུབ་འགྱུར་ཆེན་པོའི་ནང་འགྱུར་མེད་རྡོ་རྗེའི་ཁམས་སུ་བརྟན་ཅིང་བཀྲ་ཤིས་ལས་མཐའ་བརྩན་ཞིང་མི་འཇིགས་རྡོ་རྗེའི་གད་མོ་ཕྱོགས་ཀུན་ཏུ་གཡོ་བ་འདི་བྱུང་།

སླར་ཡང་རྗེ་ཉིད་དགུངས་གྲངས་ཀླུ་དབང་སྟེ། ལྔ་བཅུ་ང་བརྒྱད་དུ་ཕེབས་པ། ཆུ་བྱི་ལོའི་སྔ་རྗེས་སུ་ཅུང་པ་དཀར་ཤོད་ཇོ་མོ་ནག་ཤང་གབ་དཔལ་ཆེན་ཕོ་བྲང་གི་གནས་སུ། སྟོན་འཁོར་རྟེན་འབྲེལ་གྱི་སྒོ་འཕར་གསར་པ་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་སྟོབས་ཀྱིས་ཉེ་བར་བྱེ་ནས། ཐོག་མར་དྲག་པོ་ཧཱུྃ་ནག་སྙིང་ཐིག་གི་གཏད་རྒྱ་ཡོངས་སུ་གྲོལ་ཏེ། སྐལ་ལྡན་སློབ་ཚོགས་རྣམས་ལ་སྤེལ་བའི་ཚུལ་ནི། ཐོག་མར་ཟིལ་གནོན་བླ་མ་དྲག་པོའི་སྒྲུབ་སྐོར་གེགས་སེལ་ཚུལ་དུ་ཕབས་ནས་གནང་། དེ་ནས་རིགས་ལྡན་ཐབས་ཤེས་ཀྱི་གྲོགས་ཟུང་གིས་བསྐུལ་ནས་གསུངས་པ་ནི། རྗེ་ཉིད་ཀྱིས་གསང་མཚན་འོད་གསལ་རྡོ་རྗེ་ཞེས་རྩལ་པའི་ཐབས་དང་། ཤེས་རབ་མ་སྭ་ར་སྭ་སྟིའི་མིང་ཅན་གསང་མཚན་དྷཱ་ཀི་པདྨ་མཚོ་སྐྱིད་ཟུང་གི་དད་དམ་རྣམ་པར་དག་པའི་བདག་རྐྱེན་ཁྱད་པར་བས་མཚམས་སྦྱར་ནས། གཏན་ལ་ཕབས་ཚུལ་ཀྱང་ལོ་རྒྱུས་གདམས་པའི་མདོ་བྱང་ལས། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ནང་རྒྱུད་ཡོ་ག་སྡེ་གསུམ་སྤྱི་དང་བྱེ་བྲག། ཟབ་པ་སྒྲུབ་སྡེའི་སྐོར་རྣམས་གདུལ་ཞིང་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་བྱོན་ཚུལ་དང་། ཆོས་ཚན་ཇི་ལྟར་བཞུགས་ཐེམ་བྱང་། ཡུལ་དུས་དང་མཚམས་པའི་སྤྲོས་མེད་གསང་བའི་ཉམས་སུ་ལེན་ཚུལ་གྱི་རྗེས་སུ་གདམས་པ་རྣམས་རིམ་པར་བསྟན་པ་བཞིན། ནང་འཁོར་ལས་ཅན་རྣམས་སོ་སོའི་རྒྱུད་ཚོད་དང་མཚམས་པས་རྗེས་སུ་བཟུང་ནས། སྨིན་གྲོལ་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། རང་ལའང་མཆོག་སྒྲུབ་ཡེ་ཤེས་རབ་འབར་གྱི་མ་དཔེ་དང་། འཇིགས་མེད་མཐུ་སྟོབས་རྡོ་རྗེ་ཞེས་པའི་མིང་གི་ཅོད་པཎ་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་དམན་པར་ཐུགས་ཀྱིས་བརྩེ་བའི་དམ་པའི་རྣམ་ཐར་གྱིས་བསྐྱངས། དགོངས་གཏེར་སྤྱི་དང་། ཁྱད་པར་ཟིལ་གནོན་བླ་མ་དྲག་པོའི་ཐུགས་དམ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་ནར་མར་བསྟན་འགྲོ་སྤྱི་ལ་དགོངས་པའི་མངོན་སྤྱོད་ལས་སྦྱོར་གནང་བ། ཕྱིས་དགེ་རྒྱལ་ནས།  མེ་འབྲུག་ལོར་ཕྱོགས་ལས་རྣམ་པར་རྒྱལ་བའི་དབྱངས་ཀྱི་རྡོ་རྗེའི་གད་རྒྱང་སྒྲོགས་པར་མཛད་པའི་བར། རྒྱུན་ཆགས་སུ་གནང་མཐར་གྲུབ་དོན་ཕུན་སུམ་ཚོགས་པའི་རབ་རྒྱལ་མེ་སྦྲུལ་ས་རྟ་ས་ལུག་རྣམས་སུ་དུས་ཀྱི་གནས་བབས་ཇེ་ལེགས་ཀྱིས།  ཡང་དར་བསྟན་པ་སླར་གསོའི་ཉི་གཞོན་གྱིས་རིས་མེད་འགྲོ་བའི་བདེ་སྐྱིད་ཀྱི་པད་ཚལ་རབ་ཏུ་རྒྱས་ཏེ།  འཇིག་རྟེན་གྱི་ཁམས་སྤྱི་དང་། བྱེ་བྲག་བསིལ་ལྡན་ཁ་བ་རི་པའི་ལྗོངས་འདིར། བདེ་སྐྱིད་ཆོས་འབྱོར་རྫོགས་ལྡན་གསར་པའི་དུས་སྟོན། སྐབས་གསུམ་འཆི་མེད་དབང་པོའི་གྲོང་དང་འགྲན་པའི་བགྲང་བྱ་བཅུ་ཕྲག་གསུམ་གྱི་ས་ཁམས་ཁྱུ་མཆོག་གི་ལོ། འབྲས་ལྡན་སྟོན་གྱི་རྒྱལ་མོའི་བཞིན་རས་ངོམས་པའི་དུས་སྟོན་འདིར་སླེབ་པ་དང་། དེ་ལྟའི་ཟབ་མོ་དགོངས་གཏེར་གྱི་བྱུང་བ་མདོར་བསྡུས་ལོ་རྒྱུས་གདམས་པའི་མདོ་བྱང་ལས། བདག་ཉིད་རྡོ་རྗེ་ཐོད་ཕྲེང་གི༔ ཟབ་དང་རྒྱ་ཆེའི་རྣམ་པར་ཐར༔ དཔག་པར་དཀའ་བའི་ཕ་རོལ་ཕྱིན༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་༔ མཁའ་སྤྱོད་ཞིང་དུ་ཐོད་པ་རྩལ་༔ ཨོ་རྒྱན་ཡུལ་དུ་པདྨ་འབྱུང༔ སྐུ་ལྔ་མཚན་བརྒྱད་རིགས་དྲུག་སོགས༔ སྤྲུལ་བསྒྱུར་རོལ་རྩེད་བསམ་མཐའ་ཡས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛད༔ ཁྱད་པར་བདེ་ཆེན་པདྨོ་བཀོད༔ སྒྱུ་འཕྲུལ་དྲྭ་བའི་ཞིང་ཁམས་སུ༔ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ༔ ཁྱབ་བདག་པདྨ་བཛྲ་རྩལ༔ བསམ་ཡས་རིགས་དང་དཀྱིལ་འཁོར་ཀུན༔ སྤྲོ་བསྡུའི་བྱེད་པོ་བླ་ན་མེད༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ རང་སྣང་ཚོམ་བུའི་འཁོར་ལོ་ཤར༔ གང་གི་ངེས་གསང་གསང་ཆེན་དོན༔ རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་རྒྱུད༔ སྙིང་པོ་མེ་ཏོག་གིས་བརྒྱན་པར༔ མཚན་རྫོགས་རྡོ་རྗེ་འཆང་གིིས་བསྟན༔ གསང་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས༔ ཕྱི་དུས་མ་འོངས་དོན་ཆེད་དུ༔ མཁའ་འགྲོ་ལས་ཀྱིི་དབང་མོ་ཡིས༔ བདེ་བྱེད་བརྩེགས་པའི་སྙིང་པོར་འབད༔ གདུལ་བྱ་རྒྱུད་དག་ལས་ཅན་ངོར༔ སྤྲུལ་པའི་སློབ་དཔོན་རྣམ་པ་དགུས༔ དུས་དེར་སྣང་མཛད་འགྲོ་དོན་སྤྱོད༔ མོས་དང་སྐལ་པའི་ཁྱད་པར་གྱིས༔ རྒྱུད་ལུང་མན་ངག་མཐའ་ཡས་ཀྱང༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་གིས༔ རྩ་བ་གསུམ་གྱི་སྒྲུབ་པའི་སྐོར༔ མདོ་རྒྱས་མཚམས་པ་གསུམ་གྱིིས་བསྡུས༔ མཆིམས་ཕུར་ཆོས་རྒྱལ་ཡབ་སྲས་དང༔ ཨཱར་ཡ་པཱ་གླིང་རྒྱལ་མཆོག་དབྱངས༔ ཏི་སྒྲོར་མཚོ་རྒྱལ་ཨ་ཙར་སཱ༔ སྙན་བརྒྱུད་བཀའ་རྒྱས་གདབ་སྟེ་བསྩལ༔ དབྱངས་ཅན་མཁའ་འགྲོ་མཚོ་རྒྱལ་མས༔ གཏེར་གནས་གསུམ་དུ་གཏེར་དུ་སྦས༔ དུས་ཀྱི་སྙིགས་མར་གྱུར་པའི་ཚེ༔ རྒྱས་པ་ཀོང་རོང་ནགས་ནས་འབྱིན༔ འབྲིང་པོ་དགའ་ཚལ་དབུས་ནས་འབྱེད༔ བསྡུས་པ་ཁ་རག་སྒང་ནས་བརྡོལ༔ ཀུན་གྱི་བཅུད་བསྡུས་དགོངས་པའི་གཏེར༔ པདྨའི་མིང་ཅན་ཀློང་ནས་ཤར༔ དེ་ཡང་གློ་བུར་རྐྱེན་དབང་གིས༔ གསང་མཛོད་སྤེལ་བའི་གནས་དཀོན་རུང༔ འོན་ཀྱང་སྔོན་སྨོན་བསླུ་མེད་ཕྱིར༔ རྟེན་འབྲེལ་བརྡ་ལ་བརྟེན་ནས་ནི༔ བསྟན་འགྲོའི་གསོས་སུ་སྣང་བར་འགྱུར༔ ཞེས་གསང་སྔགས་རྡོ་རྗེ་ཐེག་པ་ནང་རྒྱུད་ཡོ་ག་སྡེ་གསུམ་སྒྲུབ་སྡེའི་ཆོས་ཚུལ་རྒྱ་མཚོ། སྤྱིར་འཇིག་རྟེན་ཁམས་སུ་ཇི་ལྟར་བྱོན་ཚུལ་དང་།  ཁྱད་པར་ཨོ་རྒྱན་ཆེན་པོས་མ་འོངས་འགྲོ་བ་སྐྱོབ་ཕྱིར་ལས་ཅན་རྗེས་འབངས་དག་པའི་འཁོར་རྣམས་ལ་སྨོན་ལམ་གཏད་རྒྱ་མཛད་པའི་ཟབ་གཏེར་བླ་མ་དགོངས་འདུས། ཀོང་རོང་ནགས་ཀླུང་སྟུག་པོ། པུ་རུ་ཕུག་མོ་ཆེ་ནས་གཏེར་ཆེན་སངས་རྒྱས་གླིང་པས་གདན་དྲངས་པ་དང་། ཡི་དམ་དགོངས་འདུས་སྤོ་བོ་དགའ་བ་ལུང་ནས། སྟག་ཤམ་ནུས་ལྡན་རྡོ་རྗེས་གནས་གཏེར་གྱི་སྒོ་ལེགས་པར་ཕྱེས་པས་མཚོན། བལ་བོད་མཚམས་དང་། དབུས་གཙང་མཚམས། མདོ་ཁམས་སྟོད་སྨད། ཁ་རག་མིང་ཅན་གྱི་གཏེར་གནས་རྣམས་སུ་གཏེར་རྒྱས་བཏབ་པའི་ཟབ་གཏེར་རྣམས་ཀྱི་ཟབ་བཅུད་གཅིག་ཏུ་དྲིལ་བ་འདིའི་གཏེར་འབྱུང་ལོ་རྒྱུས་ལས།  ཡང་ཟབ་དོན་གྱི་དགོངས་པའི་བཅུད༔ དྲག་པོ་ཧཱུྃ་ནག་སྙིང་ཐིག་འདི༔ རྩ་གསུམ་དགོངས་པ་གཅིག་འདྲིལ་བ༔ པདྨ་བདག་གི་ཐུགས་གཏེར་ཡིན༔ དེ་ལ་རྟེན་འབྲེལ་ལེགས་འགྲིགས་ན༔ རྩ་བའི་ཆོས་སྡེ་གཅིག་ཉིད་ལ༔ ཞེས་རིགས་འདུས་བདེ་ཆེན་ཐིག་ལེ་དང་། དེ་ལས་འཕྲོས་པའི་རྩ་བ་གསུམ། ཞེས་བླ་མ་བདེ་ཆེན་རྒྱལ་པོ། ཡི་དམ་བདེ་ཆེན་རོལ་པ། མཁའ་འགྲོ་བདེ་ཆེན་ཀློང་ཡང་། དྲག་པོར་ཁྲོས་པ་རྣམ་པ་གསུམ། དེ་ལ་ཟིལ་གནོན་བླ་མ་དྲག་པོ། རྟ་ནག་སྲོག་སྒྲུབ། ཟབ་གནད་གཉེན་པོ་ལྷ་ལྔ་གཉིས། ཟུར་བཀོལ་ཕྲ་རྒྱན་རྣམ་པ་གསུམ། ཚེ་སྒྲུབ་ནོར་སྒྲུབ་སྐོང་ཆོག་གསུམ། ཡན་ལག་ཁ་སྐོང་རྣམ་པ་གསུམ། སྦྱིན་བསྲེགས། མཆོད་ཕྲེང་། བྱིན་འབེབས་མདངས་བསྐང་སོགས་དང་། དོན་གནད་ཟབ་ཏིག་རྣམ་པ་གསུམ། གེགས་སེལ་བདུད་རྩིའི་ཟབ་ཏིག།རྒྱབ་ཆོས་རིན་ཆེན་རྣམ་པ་གསུམ། བསྐྱེད་རྫོགས་དམར་ཁྲིད་རྣམས། བཀའ་སྲུང་ལེ་ལག་རྣམ་པ་གསུམ། མགོན་པོ་སྡེ་དགུ་རྟ་ནག་དྲེགས་པ། འབར་བ་སྤུན་བདུན་སོགས། གཏེར་སྲུང་མཆོད་བྱང་རྣམ་པ་གསུམ། ཚེ་རིང་མཆེད་ལྔ། དམ་ཅན། ལྷ་བཙན་གསུམ། རྩ་བ་ཡན་ལག་ཉེར་ལྔ་སྟེ༔ ཁ་ཚང་དོན་འདྲིལ་འབེབས་པར་འགྱུར༔ འབྲིང་དུ་ཆོས་ཚན་བཅོ་ལྔ་ལ༔ ཐ་མ་བཅུའམ་ལྔ་ཙམ་ཞིག༔ རྟེན་འབྲེལ་ཡུལ་དུས་རྐྱེན་གྱིས་སོ༔ ཞེས་གསལ་བར་བསྟན་ཏེ། ཟབ་གཏེར་ཇི་ལྟར་སྤྱོད་ཅིང་སྤེལ་ཚུལ་ཡང་། ཇི་སྐད་དུ། དེའང་དུས་རྣམས་ཐམས་ཅད་དུ༔ ཉམས་པ་གྲིབ་དང་འཁོན་ལ་འཛེམ༔ བློ་ཕུག་པདྨ་བདག་ལ་གྱིས༔ ལོག་སྲིད་གཡོ་རྒྱུའི་གྲོགས་ངན་སྤོངས༔ བསླུ་བྲིད་ངོ་དགའི་སློབ་མ་ནི༔ གདམས་ངག་རྐུ་ཞིང་ཡ་ག་སྒྲོགས༔ དེས་ནི་གསང་འཆལ་དམ་ཚིག་ཉམས༔ རང་གཞན་གཉིས་ཕུང་ལས་ལ་སྦྱོར༔ དེ་འདྲ་ལག་ཏུ་མ་ཤོར་རེམ༔ དད་ལྡན་ཟོལ་མེད་རྒྱུད་དྲངས་འཇམ༔ ཕྱི་ཐག་རིང་ཞིང་དམ་ཚིག་སྲུང༔ སྙིང་རྗེ་ཆེ་ཞིང་གཏོང་ཕོད་ལྡན༔ བློ་རྒྱ་མཁའ་ལྟར་ཡངས་པ་ཡི༔ སྐལ་ལྡན་དེ་དག་རྗེས་སུ་བཟུང༔ དེའང་གསང་སྒོ་མ་འཆོལ་བར༔ རྟེན་འབྲེལ་སྒོ་ལ་ བརྟེན་མཁས་པས༔ རིམ་བཞིན་སྤེལ་ལ་བསྟན་པར་བྱ༔ དུས་ཀུན་རྩ་གསུམ་སྙིང་ཕུར་བཅངས༔ མཁའ་འགྲོའི་ཚོགས་བསྐོང་བཤགས་པར་འབད༔ སྲུང་མའི་རྒྱུན་གཏོར་ཆགས་མི་བྱ༔ ཐེ་ཚོམ་རེ་དོགས་བདུད་ཚར་བཅོད༔ ལྟ་བའི་གདེང་ལྡན་སྙིང་རྗེ་སྤྱོད༔ བསྟན་འགྲོའི་ཕན་བདེ་བླ་མེད་འགྲུབ༔ ཅེས་དང་། དུས་ཀྱི་རྟགས་དང་མཚམས་པའི་སྤྱོད་ལམ་ཁྱད་པར་བ་ནི། ཡང་དེ་ཉིད་ལས། ཕྱི་དུས་མ་འོང་འབྱུང་འགྱུར་ནི༔ གདོན་དང་དམ་སྲི་འགོངས་པོ་ཆེ༔  གེགས་ལ་དམ་སྲི་ཤི་འདྲེ་གཡོ༔ བསྐལ་ངན་གསུམ་པོ་ཆུ་ལྟར་འཁྲུགས༔ བར་ཆད་མི་དགེའི་ལས་ལ་སྤྱོད༔  ལྟ་ལོག་རྒྱང་འཕེན་ནག་པོས་ཁྱབ༔ དེ་སོགས་བརྗོད་དུ་མི་རུང་འབྱུང༔ དུས་འདིར་གསང་སྔགས་མིང་དོན་བཞིན༔ ཤིན་ཏུ་གསང་ལ་སྤྱོད་པར་བྱ༔ རང་ལུས་ལྷ་ཡི་དཀྱིལ་འཁོར་ལ༔ རང་སེམས་དག་པ་ལྷ་ཡི་སྐུ༔ རླུང་སྔགས་རྒྱུ་བ་རྡོ་རྗེའི་བཟླས༔ དྲན་རིག་འཆར་སྒོ་ཆོས་སྐུའི་ངང༔ གཟའ་བཏུང་ཚོགས་འཁོར་མེ་མཆོད་འབུལ༔ རྣམ་ཀུན་གཞན་ཕན་འབའ་ཞིག་སྤྱོད༔ སྤྲོས་བཅས་བྱ་བའི་ལོང་སྐབས་དབེན༔ སྤྲོས་མེད་ཉམས་ལེན་དེ་ལྟར་མཛོད༔ དྲག་པོ་ཧཱུྃ་ནག་སྙིང་ཐིག་གི༔ བླ་མ་རྩ་གསུམ་སྒྲུབ་སྐོར་འདི༔ གསང་ཞིང་ཞེ་དགའི་ཡིད་ཀྱིིས་འགྲོགས༔ རང་གཞན་དོན་གཉིས་འགྲུབ་པར་འགྱུར༔ ཞེས་པ་ལ་སོགས་རྡོ་རྗེའི་ལུང་གིས་གསལ་བ་ཇི་བཞིན་དང་། གཞན་ཡང་རྗེ་བཙུན་བླ་མ་རིན་པོ་ཆེ་མཆོག་ནི།  ཚུལ་མཐོང་གི་སྣང་ངོར་སྐལ་མཉམས་མི་ཡི་ཚུལ་དུ་སྣང་ཡང་། དོན་དེ་ངེས་པའི་དབང་དུ་བྱས་ན། ཐུགས་རྗེ་ཡེ་སྤྲུལ་བསམ་བཞིན་གདུལ་བྱའི་དོན་དུ་གཟུགས་སྐུའི་བཀོད་པ་ཆུ་ཟླའི་རོལ་གར་བསྒྱུར་བའི་ཐུགས་རྡོ་རྗེའི་གསང་བ་ནི། དག་སྣང་ཡེ་ཤེས་ཀྱི་གཟིགས་པ། ཉིན་མཚན་འཁོར་མོ་ཡུག་ཏུ་འབྱམས་པའི་གཏིང་མཐའ་སུས་ཀྱང་རྟོགས་དཀའ་ནའང་། གསུང་མགུར་ཉམས་ཀྱི་ཐོལ་གླུའི་ཤུགས་ལས་བསྟན་པའི་གུ་རུ་པདྨ་འབྱུང་གནས། འཕགས་ཡུལ་གྲུབ་ཆེན་རྣམ་བརྒྱད།   ཆོས་རྗེ་འབའ་རོམ་པ་དར་མ་དབང་ཕྱུག     རྣལ་འབྱོར་དབང་ཕྱུག་འབྲུག་སྨྱོན་ཀུན་དགའ་ལེགས་པ།  སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ།   ཡེ་ཤེས་མཁའ་འགྲོ་ལྷ་གཟིགས་གཟའ་ཨ་ཁྲོམ་རྒྱན། ཀརྨ་པ་བདུད་འདུལ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། ཀརྨ་ངག་དབང་བློ་གྲོས་རབ་འཕེལ། རྣལ་འབྱོར་དབང་ཕྱུག་མཁའ་ཀློང་ཡང་པའི་སྡེ་སོགས་ཀྱི་དག་པ་ཡེ་ཤེས་སྐུས་རྗེས་སུ་བཟུང་བའི་ངོ་མཚར་བརྗོད་པའི་ཡུལ་ལས་འདས་པ་དང་། གཏེར་རྙིང་རྒྱུན་དཀོན་དུས་བསྟན་པའི་སྲོག་འཐུད་པ་ལྟ་བུ་ནི། མཆོག་གླིང་དྲག་པོ་ཆོས་སྐྱོང་དགོངས་འདུས་ཀྱི་ལུང་འབོགས་བཀའ་རྒྱ་ཅན།  ཚངས་གསར་ངག་འཕྲིན་སྤྲུལ་སྐུ་བསམ་གཏན་རྒྱ་མཚོ་ནས། ཐུགས་ཟིན་ཉེ་གནས་སྒྲུབ་བླ་སེ་བོ་ཀརྨ་རིག་འཛིན་ལ་གནང་བ། དུས་འགྱུར་རྗེས། ངག་འཕྲིན་བསམ་གཏན་རྒྱ་མཚོའི་ཕྱག་དཔེ་ཁ་འཐོར། སྤོད་བཞི་ཉིད་ཀྱི་ཞལ་སློབ། ཅུང་པའི་སྔགས་འཆང་ཕུན་བསྟན་ཕྱག་ཏུ་འབྱོར་བ་རྗེ་བླ་མར་ཕུལ།  བླ་མ་རིན་པོ་ཆེས་བླ་མ་ཀརྨ་རིག་འཛིན་ནས་གསན་ཏེ། བསྟན་པ་ཡང་དར་སྐབས་ངག་འཕྲིན་སྤྲུལ་སྐུ་ཚེ་དབང་བདེ་ཆེན་ལ། ཕ་ནོར་བུ་ལ་སྤྲད་པ་བཞིན་ལུང་འབོག་ཕྱག་དཔེ་དང་བཅས་པ་གནང་བའང་དགོས་དབང་ཁྱད་པར་ཅན་ཡོད་པར་སེམས།

གནས་ཞལ་གསར་འབྱེད་མཛད་པའང་ཤང་གབ་དཔལ་ཆེན་ཕོ་བྲང་སོགས། ཡུལ་གར་ཕེབས་ཀྱི་ཡུལ་ལྷ་རྣམས་ཕྱི་ལྟར་དཀར་ཕྱོགས་སྐྱོང་བ། ནང་ལྟར་སྤྲུལ་པའི་ཞིང་ཁམས་ཀྱི་གཟིགས་སྣང་དང་མཐུན་པའི་བསང་གསོལ་གཏན་ལ་ཕབས་པ་མཐའ་ཡས་ཤིང་། ཁྱད་པར་རང་དགོན་གདན་ས་རྩེ་མཐིལ་གཉིས་ཀྱི་བར་དུ་ཡོད་པའི་ཤུགས་རི་རྒྱ་འབེལ་འཕེན་པོ་ཐོད་དཀར་པདྨ་འོད་སྤུང་། སྔོན་བྱོན་གྲུབ་ཐོབ་གོང་མ་རིམ་བྱོན་གྱིས་གནས་ཞལ་ཕྱེས་པ་ཉིད། ཞིབ་གསལ་གྱིས་གཏན་ལ་ཕབས་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། བླ་མ་རིན་པོ་ཆེའི་མཆོག་གི་མཛད་པ་གྲུབ་པའི་སྤྱོད་ཚུལ་ཐུན་མོང་དུ་གྲགས་པ་རྣམས་རིམ་ལྡན་དུ་སྨོས་ན། དགུངས་གྲངས་ཆུང་དུས་ཞིག་ལ་གྲྭ་པ་འགའ་དང་།  ལྷན་དུ་གཙུག་ལག་ཁང་གི་ཡང་ཐོག་ཏུ་བཞུགས་སྐབས། ཁྱེད་རྣམས་འདི་ནས་འཆོང་ཕོད་མཁན་སུ་ཨེ་ཡོད་གསུངས་པས།  འདི་ནས་མཆོང་སུའམ་མི་ཕོད། ཉེན་ཁ་ཧ་ཅང་ཆེ་ཞུས།  བླ་མས། ཡ་ང་འདི་ནས་མཆོང་ཨ་གསུངས་ནས། ཐེ་ཚོམ་མེད་པར་མཆོང་པས་ཞབས་གཉིིས་ས་ལ་བྱ་བབ་པ་ལྟར་བཞེངས །  ཞལ་མཚར་བཞད་གད་བཅས་ཡར་བྱོན།  དེལ་ཡག་དགོན་ནས་བླ་བྲང་གི་གཟིམ་ཁྱི་སྟག་གཟིག་ལྟ་བུ་ཐམས་ཅད་འཇིགས་ཤིང་སྐྲག་པ་ཞིག་ཡོད་པ་ཤོར་བས་མ་མཐོང་བ་ལྟར་གྱུར་པ་དང་། ཡང་ལྷ་སར་དབུས་སྒར་གཞིས་སུ་འཁྲི་ཡོང་བའི་མི་རྐྱང་ཁྲ་ནུས་ཞེས་པ་ཞིག་ཡོད་པ་དེས། སུ་རུག་བསམ་གཞུང་དུ་སྒར་གཞིས་ཚུགས་སོ་ནས། མེ་མདའ་བརྐུས་རྗེས་མཚན་ཤག་བརྒྱབ་སྟེ་བྲོས་སོང་བས། ཕྱིར་ནང་སྒར་པ་གསུམ་པོ་ཏ་ལ་རུ་བཏང་། རྗེ་ཉིད་ཉི་ཟླ་ཁ་ནས་སྟོང་ནག་བླ་ཆེ་ཆུང་བརྒྱུད་ཁྲེབ་ལུང་མདར་ཞག་བདུན་བཞུགས་མཛད། ཇག་རྐུན་འཆིང་བའི་སྔགས་དང་རྟེན་འབྲེལ་མཛད་པས། ཕྱིར་ནང་རི་སྡོང་ལ་ཉག་ཕྲན་བུ་བརྒལ་ནས་གཟིགས་པས་མདུན་ཐད་དེར་མི་ཞིག་ནག་གུག་གེ་ཤིག་འཐུ་བཞིན་ཡོད་པ་གཟིགས། བླ་མས། ཁོ་རེ་ཁྲ་ནུས། ཁྱོད་ཀྱིས་དེར་ཅི་བྱེད་ཀྱིན་ཡོད། འདིར་ཤོག་གསུང་པས། དེ་མ་ཐག་ཅི་ཆ་མེད་པར་གོས་ཚག་བྱེད་བཞིན་རྒྱུགས་ཡོང་བས། ཁོ་རེ་མེ་མདའ་ཁུར་ཤོག་གསུངས་པས། ཕྱིར་སོང་ཏེ་མེ་མདའ་བླངས་ནས་ཕྱག་འབུལ་འགྱོད་བཤགས་ཟོལ་མེད་ཕུལ་བའང་ཡ་མཚན་ཆེ་བར་གྱུར། རི་ཁྲོད་པ་ཕྱག་འཚལ་བླ་མས་ཉམས་སད་གྱིས། སྐོར་ཁྱི་ངར་མ་ཞིག་ཆེད་གཏད་ཀྱིས་བཏང་བ་མདུན་དུ་སླེབས་འཕྲལ། བདག་པོ་དང་འཕྲད་པ་ལྟར་དགའ་བའི་རྣམ་འགྱུར་བསྟན། བླ་མ་ཚེ་མཚམས་པ་བྱམས་པ་སངས་རྒྱས་ཀྱིས། ལྕི་གཞུང་བླ་མ་དགོན་ཁག་རྣམས་གདན་དྲངས་ནས་བདུད་རྩི་སྨན་སྒྲུབ་བཙུགས་པའི་འདུ་འཚོགས་ལ་ཕེབས་ནས།  སྐུ་རིམ་ཚེ་དབང་དམིགས་གསལ་ཕུལ་ཏེ་ཚུར་རང་དགོན་དུ་ཕེབས་སྐབས། ལྕི་ཆུ་དབྱར་ཞོད་ཀྱིས་རྒྱས་ཤིང་ཟིས་ཐག་ཆད་སྐབས་དང་ཁེལ་བས།  དཔོན་སློབ་རྣམས་ཚམ་ཚོམ་མེད་པར་བདེ་བླག་ངང་བརྒལ།  ངུ་འབོལ་ཁྲི་འདུ་མ་ཟེར་བའི་ཧོར་སྡེའི་ཁྲམ་འཆལ་ཞིག་གིས། ཚངས་གསར་བླ་ཁྱབ་དགོན་པའི་ཆིབས་རྟ་དྲེལ་རྣམས་དེད་སོང་བས། གཞན་གྱིས་གཤོལ་ཀྱང་མ་གསན་པར་ར་མདར་ཕེབས་ནས། རྗེ་ཉིད་གཅིག་པུ་ཆིབས་རྒྱུགས་ཀྱིས་ཕྱག་མདའ་ཁ་ཤས་འཕངས་པས། ཚུར་ཉེ་ཞོ་མེད་པའི་ཁར་སྐུ་ཟིལ་མ་བཟོད་པར་རྟ་དྲེལ་བསྐྱུར་ཏེ་བྲོས ། 

དུས་ཟིང་སྐབས་ཕེབས་ལམ་ནས་དྲེད་མོང་མང་པོས་ལམ་བཀག་པས། ཏིང་ངེ་འཛིན་གྱིས་གཟིར་བས་གཞན་དུ་བྱོལ་བ་དང་། རྒྱ་དམག་རི་བཤེར་པ་སྐུ་གམ་དུ་བསླེབས་ཏེ། མེ་མདའི་དཔུང་ཡུ་སྐུ་ཡི་འཕྲག་གོང་དུ་རེག་ཀྱང་མ་མཐོང་པར་ཕྱིར་ལོག  ཡང་སྐབས་འགར་ཐུགས་ཉེས་འུར་ཞིང་ཁྲོ་ཚུལ་གྱིས་བཞེས་རག་ཤེལ་དམ་དང་བཅས་པ་རྡོ་ལ་བརྒྱབ་པས། ཤེལ་དམ་མ་ཆག་བཞེས་རག་མ་བོ་བར་བསྐོར་བ་གྱི་ལི་ལི་འཁོར་བཞིན་ཙོག་གེར་བསྡད་པ་དང་།  ཁྱད་པར་ཅུང་པ་དཀར་ཤོད་སྨད་དུ། དུས་འཁྲུག་རྩུབ་ཟིང་ཤིན་ཏུ་ཆེ་དུས་གསང་བ་སྦས་པའི་སྒོ་ནས་འཚོ་བཞུགས་སྐབས། ཐེམ་ཉེར་གཡག་པ་ཚང་ནས། དྷ་ཆེན་མཁན་པོ་ཚང་ལ་མཚན་འགྲོས་མཛད་པའི་ཞབས་ཕྱི་ཅུང་པ་དཔོན་ཚང་ཕྱག་རྡོར་དང་། གཡག་པ་ཕུན་བསྟན་གཉིས་ཀྱིས་ཞུས་སྐབས་ འཕྲང་ ལམ་ ཞིག་ནས། བླ་མ་ཆིབས་རྟ་དང་ལྷན་རྦབ་ཏུ་ཤོར་བ།  ཞབས་ཕྱི་གཉིས་ཀྱིས་སྐུ་སྲོག་ཤོར་བར་སེམས་ཐག་ཆོད་པའི་འཇིགས་སྐྲག་སྐྱོ་གདུང་བཅས་རི་ཞོལ་ལ་སླེབས་སྐབས།  བླ་མ་དང། ཆིབས་པ། རྟ་སྒ་སོ་སོར་འཐོར་ཡང་མ་རྨས་མ་ཆག་པར་གཟི་མདངས་ལྷམ་མེར་བཞུགས་པས། སྣང་སེམས་འདྲེས་པའི་གྲུབ་པའི་རྟགས་མཚན་མངོན་སུམ་ཚད་མ་དང་།  རྗེས་སུ་གནས་དེར་ཐུགས་དམ་ཏིང་ངེ་འཛིན་གྱིས་གཟིར་ཞིང་།  བྱིན་གྱིས་བརླབས་པས།  སྔོན་ཆད་གྲི་འདྲེའི་གདུག་སེམས་ཀྱིས་མི་ཕྱུག་ལ་འཚེ་བ་ཡོད་པ་གཏན་མེད་དུ་གྱུར་ཏེ། རྦ་སྲི་གཏན་ནས་ཆད། རྡ་ཆེན་མཁན་པོ་ཚང་ལ་བཞུགས་སྐབས་ཉིན་ཞིག    མཁར་ཁང་དང་ཉེ་བའི་མདུན་རི་ཉིལ་བ་ལ་སྡིག་མཛུབ་གཏད་མ་ཐག་ཁྲིག་གེར་བསྡད་པ། ད་ལྟའང་དད་ལྡན་རྣམས་ཀྱིས་མཇལ་སྐབས་ཡ་མཚན་སྐྱེ་བ་ངེས་དོན་དུ་ཡོད། སྐུ་ན་བགྲེས་པ་དང་བཞེས་རག་གིས་བད་པ་སོགས་ཀྱིས་མ་གོས་པར།  ཆིབས་རྒྱུགས་དང། ཆིབས་རྟའི་གོང་ཡར་འགྱུར་མར་འགྱུར་མཛད་པ་དང་།  ཡང་བྲག་ལམ་ཤིན་ཏུ་གཟར་ཞིང་། ལམ་ཁུག་ཀྱོག་མང་པོ་ཡོད་པའི་འཕྲང་ནས་ཆིབས་རྒྱུགས་སྒ་འགྱུར་ཡོབ་འགྱུར་མཛད་པས། ཞབས་གྲལ་རྣམས་སྔངས་སྐྲག་སྙིང་འཁྲུག་གྱུར་ཀྱང་། ཅི་ཆ་མེད་པར་བདེ་བར་ཕེབས་པ་སོགས་ཤིན་ཏུ་ངོ་མཚར་བ་མང་།

རྗེ་ཉིད་ཀྱིས་རིག་གསར་རྩུབ་སྤྱོད་སྐབས། སྐུ་ཆས་རྟེན་གསུམ་རྩ་ཆེའི་སྐོར་ནས། བཀའ་གདམས་མཆོད་རྟེན་གཅིག  ཕྱག་དཔེ་སྤོད་གཅིག    མགུལ་སྲུང་ཕུར་བུ་སྐུ་བརྙན་སོགས་ཚོ་གསུམ། རྫ་ནག་རལ་པའམ།  ཟང་རིའབར་བའི་རི་མགུལ་དུ་བཅོལ་གཏམ་གཉེར་གཏད་ཀྱིས་སྦས། དེའང་མགུལ་སྲུང་གི་སྐོར་རྣམས་ཕ་བོང་རིང་ཚད་འདོམ་བཞི་ལྔ་ཙམ། ཞིང་ཚད་འདོམ་གསུམ་ཙམ་ཡོད་པའི་མར་སྣ། ས་དང་ཁ་བར་ནས་མི་འཛུལ་ཆོག་པའི་ཕུག་ཏུ། རྡོ་ལེབ་ཁ་ཤས་བསལ་བས། འོག་ནས་ཁུང་ཐུར་དུ་བུག་པའི་ངོས་ཀྱིི་རྡོ་མཆུ་ཞིག་ལ་ལུང་ཐག་སྐོན་ནས། སྟེང་གི་ཁུང་མི་མངོན་པར་མཛད། རྗེས་སུ་བསྟན་ཡང་དར་སྐབས། བགྲང་བྱ་བཅོ་ལྔ་ལྕགས་སྤྲེལ་ལོར། གདུང་སྲས་མགོན་ཐར་སོགས་དཔོན་སློབ་བཞི་ཡིས་བསང་མཆོད་བཅས་བཙལ་བས་བཀའ་གདམས་མཆོད་རྟེན་དང་།  ཡི་གེ་གཉིས་བདེ་བླག་ངང་རྙེད། ཕ་བོང་ས་དང་ཁ་འགྲིག་ནས་མགུལ་སྲུང་ལོན་ཐབས་མ་བྱུང་། དེ་རྗེས་ལན་གཅིག་བྱོན་ཡང་མ་ལོན། དེ་ནས་ལོ་མང་དུ་སོང་བའི་ས་སྦྲུལ་ལོར། གནམ་གཞུང་སྐར་ཡག་ཐང་དུ། སྟོན་ཁའི་སྤྱི་རིམ་གཏོར་ཟློག་ཉིན་གསུམ་དང་། བསང་རྔན་ཉིན་གཅིག་གི་གཏོར་གཞི་བསྒྲིགས་པའི་ནུབ་མོར། གཏེར་སྲུང་རྫ་ནག་རལ་པས་བརྡ་བསྐུལ་གྱིས་གཏོར་ཟློག་ཉིན་གཅིག་དང་། བསང་རྔན་སྔ་གྲོ་གཅིག་གསུངས་ནས། ཐུགས་བྲེལ་གྱིས་མགོན་ཐར་བྱམས་སྤྲུལ་སྐུ་མཆེད་བཅས་དཔོན་སློབ་རྣམས་ཕེབས་པས།  རྗེ་བླ་མ་ཉིད་ཞོལ་གྱི་སྤང་གདོང་དུ་བཞུགས་ནས། འཁོར་རྣམས་བཏང་བས་ཕ་བོང་ས་གཉིས་ཁ་བྱེ་ནས་མི་འཛུལ་ཆོག་པ་བྱུང་འདུག་པ་བཞིན།  བྱམས་སྤྲུལ་རིན་པོ་ཆེས་ས་རྡོ་བསལ་ནས་ཕུར་བུ་སྐུ་རྟེན་རྣམས་བླངས་བས།   ཕུར་བའི་སྐུ་རྟེན་གྱི་ལུང་ཐག་ཙམ་ཡང་རུལ་སྐྱོན་མེད་པར་ཕྱག་ཏུ་འབྱོར། 

 ཡང་ལྕགས་བྱི་ལོར་དུས་ཟིང་སྐབས། སྤུ་ཀོང་ཕྱོགས་སུ་ཞལ་འདོན་ཕྱག་དཔེ་ཕུར་སྒྲུབ་གཙོ་ཕུར་སོགས་སྐུ་ཆས་གལ་ཏ་གང་འཐོར་ཟག་སོང་བ་ཤིང་བྱི་བར་ལོ་གྲངས་ཉེར་ལྔ་འདས་རྗེས་སྟེ།  ཤིང་གླང་ལོར་ཉམས་མེད་ཕྱག་ཏུ་འབྱོར། བཞུགས་བཞེས་བསམ་འགྲུབ་མཐོང་སྨོན་གླིང་གི་ཐད་ངོས་གཞུ་ཤུབ་ཐང་དུ་དངོས་མེད་ལྷ་འདྲེའི་འདུ་ཕུང་གིས་རྟག་ཏུ་མེ་འོད་མཐོང་རྒྱུ་ཡོད་པར། ནུབ་གཅིག་མདུན་གྲལ་གྲྭ་པ་རྣམས་ཀྱིས་དོ་ནུབ་ཡང་འདྲེ་མེ་འབར་འདུག་ཞུས་པས། ཁྱེད་རྣམས་སྒོ་ཕྱི་ནས་ལྟོས་ཨང་གསུངས། རྗེ་ཉིད་ཐུགས་དགོངས་ཟབ་མོའི་རྣལ་འབྱོར་ལ་བཞུགས་པས། དང་པོ་མེ་ཆེས་ཆེར་འབར། དེ་ནས་ཁྲ་ཐར་རེ་འཐོར། དེ་འཕྲལ་ནག་ཚུབས་སེ་མེད་པར་གྱུར་ནས་དེ་ཕྱིན་རྒྱུན་ཆད།  སྔར་དུས་སྐབས་སིལ་སྙན་ཞིག་ཉིད་ཀྱིས་ཉོ་སྒྲུབ་མཛད་འཕྲལ་བོར་སོང་བ་རྗེས་སུ་རྟ་རྣའི་གྲྭ་པ་ཕྱུག་པོ་བཤད་སྒྲུབ་ཕྱག་ཏུ་འབྱོར་བ་ལ། སུས་ཀྱང་མ་ཤེས་གོང་རྗེ་ཉིད་ཀྱི་ཕྱག་བྲིས་ཞལ་གསལ་ཅན་སིལ་སྙན་གྱི་མཚན་ཉིད་རྗེ་ཉིད་ཀྱིས་སྔོན་དུས་ཉོ་སྒྲུབ་མཛད་ཚུལ་ཞིབ་དཀྲོལ་གྱིས། ཚུར་བསྡུ་ཁ་གཏད་རོག་གསུངས་ནས་བསྐུར་བས་ངེས་ཤེས་རྙེད་ནས། ཚུར་མདུན་བསྐྱལ་གྱིས་ཕྱག་ཏུ་ཕུལ། གཞན་ཡང་གསོན་པོར་ཚེ་ཚད་གནང་བ། ཤི་བོ་སྙན་གསན་མ་བྱུང་གོང་བསྔོ་སྨོན་གནང་བ་ཐོག་ཏུ་ཁེལ་བ་སོགས་ཚུལ་མཐོང་གི་སྤྱོད་ཡུལ་ལས་འདས་པའི་རྫུ་འཕྲུལ་དང་། ཟག་མེད་ཡེ་ཤེས་ཀྱི་གཟིགས་པའི་མངོན་མཁྱེན་མཐའ་ཡས་ཀྱང་མཚོན་ཙམ་དུ་སྨོས་པའོ།  །

བཻ་ཌཱུར་ས་གཞི་དྭངས་མའི་བཞིན་རས་སུ།  །

འཆི་མེད་དབང་པོའི་སྣང་བརྙན་བཀྲ་བ་ལྟར།  །

གདུལ་བྱ་དུས་བབས་སྐལ་བཟང་སྐྱེ་བོའི་ངོར།  །

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི།  །

རིག་འཛིན་གྲུབ་པའི་གར་གྱི་རྣམ་རོལ་བ།  །

སྙིགས་དུས་བསྐལ་ངན་གསུམ་གྱི་ཚ་གདུང་ལས།  །

རིས་མེད་འགྲོ་བ་སྐྱོབས་པའི་རི་བོང་འཛིན།  །

།དུས་གསུམ་མཁས་གྲུབ་སྒྱུ་སྐར་ཕྲེང་བའི་དབུས།  །

དམིགས་མེད་ཐུགས་རྗེའི་ཆ་ཤས་ཡོངས་གང་བས།  །

ནག་ཕྱོགས་དུས་ཀྱི་མུན་པ་དབྱིིངས་སུ་སངས།  །

བསྟན་འགྲོའི་ཀུ་མུད་རྒྱས་པའི་ཚུལ་འདི་ལ།  །

ས་བླའི་འཇིག་རྟེན་དགའ་སྤྲོའི་བཞད་སྒྲས་ཁེངས།  །

འཁོར་འདས་མཉམ་ཉིད་ཀུན་ཁྱབ་རྡོ་རྗེའི་གཤིས།  །

རང་བྱུང་རིག་པའི་དེ་ཉིད་ཨེ་མ་མཚར།  །

ཞེས་པའང་ཤུགས་འབྱུང་དུ་ཐལ་ལོ། །

གསུམ་པ་སྒྲུབ་བརྒྱུད་སྙིང་པོའི་གདམས་ཟབ་ཀྱི་གཙོས་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་གྱིས་གདུལ་བྱ་སྨིན་གྲོལ་ལ་བཀོད་ནས་བསྟན་རྒྱུན་བསྐྱངས་པའི་སྐོར་ནི།

སྔར་དུས་ཚོད་རྙིང་པར་རང་ལུགས་འབའ་རོམ་པའི་སྒྲུབ་སྡེ་ཁག་བཞི་འཛུགས་སྐབས། སྨིན་གྲོལ་བདུད་རྩིའི་བགོ་སྐལ། གདུལ་བྱ་ལས་ཅན་རྣམས་ལ་འགྱེད་པར་མཛད་པས་མཚོན་གང་ཟག་སོ་སོའི་མོས་བློ་དང་མཚམས་པའི་གཞན་དོན་ཕན་བདེའི་མཛད་བཟང་བར་མེད་དུ་བསྐྱངས། ཁྱད་པར་ཡང་དར་བསྟན་པ་སླར་གསོའི་དུས། རབ་རྒྱལ་ས་ལུག་ལོར་དགེ་རྒྱལ་ནས་སྐྱོ་བྲག་ཏུ་ཕེབས་ཏེ། ཐོག་མར་ཆབ་ཏི་བྲག་དཀར།  ལ་ཕྱི་གཉིས་པའི་རི་ཞོལ།  སྡེ་གསར་དབང་དགའི་སྒྲུབ་ཁང་གི་ས་མལ་དུ། མཚམས་ཁང་གསར་བཞེངས་མཛད་དེ། གསལ་སྤྲུལ་རིན་པོ་ཆེ༧ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཐུགས་དམ་བཅད་རྒྱར་བཞུགས་པའི་ཁོང་ནས་མཇལ་འཕྲད་ཐོག་མར་མཛད། ལེགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དབུས་ནས་ཉམས་ལེན་སྔོན་འགྲོ་དང་། དངོས་གཞིའི་ཟབ་ཁྲིད་དུ་མ། ཁྱད་པར་གསལ་སྤྲུལ་རིན་པོ་ཆེའི་ཐུགས་མོས་ལྟར་རྟ་མགྲིན་གསང་བའི་སྲོག་སྒྲུབ་ཟབ་གནད་གཉན་པོ་ལྷ་ལྔའི་སྨིན་གྲོལ་དང་ཆོས་བདག་ཏུ་མངའ་གསོལ། དེ་བཞིན་དུང་སྤྲུལ་ཀརྨ་བློ་གྲོས་ཆོས་མཆོག་དང་མཇལ་འཕྲད་གནང་། བླ་སློབ་འབྲེལ་བ་ཟབ་མའི་དབུ་ཚུགས།

སླར་ཡང་ཆུ་ཁྱི་ལོར་རྗེ་བཙུན་བླ་མ་ཡེ་ཤེས་རབ་རྒྱས་དང་། སྒྲུབ་བླ་ཀརྨ་ཚུལ་ཁྲིམས་སོགས་སྐྱོ་བྲག་དགོན་པའི་ཆེ་བགྲེས་རྣམས་ཀྱིས་ཐུགས་གྲོས་དང་བསྟུན། རྗེ་བླ་མ་རིན་པོ་ཆེ་གདན་དྲངས་ནས། བླ་སྤྲུལ་རྣམས་ཀྱི་དབུ་བཞུགས་གྲྭ་ཚང་འདུས་པ་ཡོངས་ལ། དཔལ་ལྡན་འབའ་རོམ་པའི་རང་ལུགས་རྒྱུན་བཞུགས་ཐམས་ཅད་ཀྱི་དབང་ལུང་ཟབ་ཁྲིད་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་ཁོང་གིས། དེང་བསྟན་རྒྱུན་ཉག་ཕྲ་བ་སྐྱ་ཆད་སྔོ་ལྡུག་ལྟ་བུའི་སྐབས་འདིར། རང་གི་འགན་བབས་ཁྱེད་རྣམས་ལ། དབང་ལུང་ཆོས་རྒྱུན་ཟབ་རྒྱས་སུ་ཕུལ་གྲུབ་པས་བློ་བདེ། ཁྱེད་བླ་སྤྲུལ་འདུས་པ་ཡོངས་ནས་སྒྲུབ་པ་ཉམས་ལེན་ལ་འབད་འབུངས་དང་། བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་སྟོབས་གཡེལ་ལྷོད་མེད་པ་དགོས་ཚུལ་སོགས་ཞལ་ཏ་གནད་སྨིན་མཛད། སྐྱོ་བྲག་གནས་རྒན་མར་ཞབས་སྐོར་དུ་བྱོན་སྐབས།  སྐྱོ་ཁོ་ཉིན་ཕུག་ཏུ་ཕེབས་ནས་ཞག་བཞུགས་མཛད་པའི་ཐོ་རེངས་གཟིམས་ཅུང་ཟད་ཡོལ་བ་ལས་སད་མ་ཐག། གསུང་འཕྲོས་སུ་མདངས་མཁའ་འགྲོ་མ་ཞིག་གིས་མེ་ཏོག་དཀར་དམར་གྱི་ཆུན་པོ་གཉིས་ལག་ཏུ་ཐོགས་ནས། དཀར་པོ་དེ་སྐྱོ་བྲག་དབུ་རྩེ་དང་། དམར་པོ་དེ་ཁང་ནེ་དགོན་དུ་གཏོར་སོང་བས།  ཁང་ནེ་དགོན་འདི་སྔར་ལས་དར་རྒྱས་ཇེ་ཆེར་འགྲོ་བ་རང་གིས་ཁག་ཁུར་ཆོག དེ་ཕྱིར་དགོན་འདི་འབའ་རོམ་པའི་རིང་ལུགས་འཛིན་པ་རྣལ་མ་ཞིག་ཡོང་དགོས་ཞེས་མཁར་པའི་དཔལ་ལྡན་སོགས་ལ་བཀའ་ལུང་ཞལ་ཏ་བསྩལ།

གཞན་ཡང་སྐྱོ་བྲག་བླ་གྲྭ་འདུས་སྡེ་ཡོངས་ཀྱིས་བཀའ་འདྲི་ཕུལ་ནས། དགུ་འཆམ་རྡོ་རྗེ་ཕུར་པའི་སྨད་ལས་དང་འབྲེལ་བ་ཉིད། མགོན་པོ་ཕྱག་བཞི་པའི་དགུ་འཆམ་ལ་ཞལ་བསྒྱུར་ན་ཞུས་པས། དེ་འབྲེལ་ཆགས་ཚུལ་དང་། དེ་ཉིད་སློབ་སྟོན་སོགས་ཀྱི་ཐུགས་འགན་རྗེ་ཉིད་ཀྱིས་གནང་བའི་ཞལ་བཞེས་ལྟར། སྐྱོ་བྲག་དབོན་པོ་དགེ་ལེགས་གཙོས་དགོན་པའི་ལས་འཛིན་རྣམས་བསམ་འགྲུབ་མཐོང་སྨོན་གླིང་དུ་ཕེབས་ནས། བླ་མ་རིན་པོ་ཆེ་ཉིད་ནས་སློབ་སྟོན་ཕྲ་ཞིབ་གནང་དོན་ལྟར་རྒྱུན་ལེགས་པར་ཚུགས་པ་དང་། དེ་རྗེས་ཤིང་གླང་ལོར་ནང་ཆེན་རྫོང་སྲིད་གྲོས་ཁང་གིས། སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ལོ་རྒྱུས་རྩོམ་པར་བསྐུལ་བས། དགོས་ཁྱད་ཀྱི་དབང་གིས་སྐྱོ་བྲག་ཏུ་བྱོན་ནས། ཟླ་བ་གཅིག་ལྷག་བཞུགས་ཏེ།༧དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བརྩམས།  དེའི་སྐབས་སུ་གསལ་སྤྲུལ་རིན་པོ་ཆེར་ཟབ་དགུའི་གདམས་ཟབ་དུ་མ་དང་། ལྷག་པར་དུ། རྗེ་ཉིད་ཀྱིས་གསལ་སྤྲུལ་ལ།  རང་རེའི་མེ་ཏོག་ཕོག་པའི་ལྷ་སྐལ་བྱང་འབའ་རོམ་གྱི་གདན་ས་སླར་གསོའི་འོས་འགན་ཐུན་མོང་ལ་ཡོད་ཀྱང་། ང་རང་ལོ་ན་བགྲེས་པས་མི་འགྲུབ།  ལས་ཀ་འདིའི་འགན་ཁྱེད་ལ་བབ་པས་ཅིས་ཀྱང་སླར་གསོ་བྱེད་ཐབས་དང་གཅིག    སྐྱོ་བྲག་དབུ་རྩེའི་གདན་ས་འདིར་དར་རྒུད་ཅི་ལྟར་བྱུང་ན། འབའ་རོམ་བསྟན་པ་སྤྱིའང་དེ་ལྟར་འབྱུང་བ་གོང་མའི་ཞལ་རྒྱུན་ལ་ཡོད་པས།  འདི་དར་རྒྱས་ཡོང་ཐབས་དང་གཉིས། རང་རེའི་འབའ་རོམ་དགོན་ཁག་རྣམས་ཕྲིན་ལས་ཕྱག་བཞེས་གཅིག་གྱུར་མེད་པ་འདི། རྒྱལ་བའི་བཀའ་དང་། འཕགས་པའི་ལུང་། རིག་འཛིན་གོང་མའི་ཕྱག་བཞེས་དང་བསྟུན་ནས་འོས་མཚམས་ལེགས་སྒྲིག་མཛད་ཐབས་དང་གསུམ་གྱི་མཛད་བཟང་སྐྱོང་དགོས་པའི་རེ་བསྐུལ་དང་། ནན་ཏན་ཆེན་པོའི་འགན་འབུལ་གནང་བས།  གསལ་བྱེད་རིན་པོ་ཆེས་ཀྱང་ལེགས་སོའི་ཞལ་བཞེས་གནང་། གུ་རུ་རིན་པོ་ཆེའི་ས་གནད་མེ་བཙར་བཞེངས་པའི་མཆོད་རྟེན་ནག་ཆུང་བསྐྱར་བཞེངས་རབ་གནས་ཕུན་སུམ་ཚོགས་པ་མཛད། དུང་སྤྲུལ་རིན་པོ་ཆེ་དང་ལྷན་དུ་ཕེབས་ནས་སྐུ་འབུམ་དང་།  མེར་ཆེན་སོགས་སུ་གནས་གཟིགས།  ཏཱི་ཤྲཱིའི་གདུང་འབུམ་ལ་ཞབས་སྐོར་གནང་བ་དང་འབྲེལ།  བསྟན་འགྲོ་ཡོངས་ལ་དམིགས་པའི་ཐུགས་བསྐྱེད་སྨོན་ལམ་གྱིས་མཐའ་རྒྱས་གནང་།

ཤོར་མདའི་གསར་བཞེངས་མཆོད་རྟེན་ལ། དུང་སྤྲུལ་རིན་པོ་ཆེ་དང་། སྐྱོ་བྲག་གྲྭ་ཚང་ཉི་ཤུ་རྩ་གྲངས་བཅས་རབ་གནས་ཆོ་ག་རྒྱས་པར་མཛད། ཤོར་ཕུ་དགོན་ནས་ཀརྨ་ཚེ་བརྟན་གྱིས་གདན་ཞུས་ལྟར་ཕེབས་ནས་བདུན་ཕྲག་གཅིག་ལ་དབང་ལུང་ཟབ་ཁྲིད་རྒྱ་ཆེར་བསྩལ། ཚུར་ལམ་དཔལ་ཁ་ནས་བདེ་མོ་དགོན་དུ་ཞག་ཤས་བཞུགས་རྗེས་ཚངས་སར་ལྕི་ཉིན་སྐུ་ཅོ་བྲག་ཏུ་ཕེབས། ཝ་རྫོང་ཆོས་གླིང་དགོན་པའི་འདུས་སྡེས་ནུས་ཤུགས་གཅིག་བསྒྲིལ་གྱི་ཞབས་ཞུ་ལ་བརྟེན་ནས། སྟོང་ནག་རས་པ་བློ་གྲོས་རྡོ་རྗེའི་གདུང་འབུམ་ཞིག་གསོ་དང་། དྲི་མེད་རྣམ་གཉིས་བརྟེན་པའི་བཅའ་སྒྲུབ་རབ་གནས་ཉིན་བཅོ་ལྔས་ལེགས་གྲུབ་དང་།  གངས་ལྗོངས་གཙོ་བོར་གྱུར་པའི་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱལ་བསྟན་དར་རྒྱས་ནུབ་མེད་དུ་བརྟན་ཅིང་། འགྲོ་ཀུན་རྣམ་མཁྱེན་རྫོགས་བྱང་ལ་འགོད་པའི་འཁོར་གསུམ་ཡོངས་དག་བསྔོ་སྨོན་གྱིས་རྒྱས་འདེབས་མཛད།

སྤྱིར་ཆོས་གླིང་དགོན་པའི་འདུས་སྡེ། བགྲེས་བཞོན་འདས་བཞུགས་ཐམས་ཅད་དད་དམ་རྣམ་པར་དག་པས་ལན་གཅིག་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་མཉེས་པ་གསུམ་གྱི་སྒོ་ནས་ཉེ་བར་བསྙེན་ནས། སྒྲུབ་བརྒྱུད་འབའ་རོམ་པའི་སྙན་བརྒྱུད་ཟབ་མོའི་སྐོར་དང་། ཟབ་གཏེར་ཧཱུྃ་ནག་སྙིང་ཐིག་གི་སྣོད་ལྡན་བརྒྱུད་འཛིན་གྱི་དྭངས་མར་གྱུར་པ་དང་། དེ་བཞིན་ཚངས་གསར་བདེ་མོ་དགོན་རྣམ་རྒྱལ་སྤྲུལ་སྐུ་སངས་རྒྱས་གྲགས་པའམ།  མཚན་དངོས་ཀརྨ་བདེ་ཆེན་ཕྲིན་ལས་རྣམ་རྒྱལ་ཡབ་སྲས།  དབུར་བཞུགས་འདུས་སྡེ་ཡོངས་ནས། ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོར་བཀུར།  སྲི་ཞུ་རྣམ་པར་དག་པས་འབའ་རོམ་པའི་བཀའ་སྲོལ་རྒྱུད་རྒྱ་གཞུང་སྒྲུབ་སྐོར་སྙན་བརྒྱུད་ཟབ་ཁྲིད་སྐོར་དང་། དགོངས་གཏེར་ཧཱུྃ་ནག་སྙིང་ཐིག་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུའི་བཅུད་ལ་རོལ་བར་མཛད། སྒྲུབ་བླ་ཀརྨ་འཇིགས་བཟང་ནས་དུས་འགྱུར་སྐབས་སྐུ་ངལ་དཀའ་ཚེག་ཆེན་པོས་གཅེས་ནོར་དུ་ཉར་ཚགས་མཛད་པའི་ཕྱག་དཔེ། འབའ་རོམ་ཆོས་སྤྱོད་རྙིང་པ། བསང་ཡིག་རྒྱས་པ། གསོལ་ཀ་མཐུས་ཚང་དངོས་གྲུབ་དཔལ་སྟེར། བསྐང་གསོལ་གདངས་ཡིག་སོགས་རྒྱུན་དཀོན་རིགས་ཀྱི་བསྟན་པའི་ཞབས་ཏོག་ལེགས་འགྲུབ་དང་། ཡང་བླ་སྒྲུབ་ཡེ་ཤེས་སྤྲིན་ཆེན་ཞུ་བསྐུལ་མཛད་ཚུལ་ཉིད་ཀྱི་ཕྱག་བྲིས་ལས་གསལ་བ་ནི། རང་ཉིད་བླ་མ་རིན་པོ་ཆེའི་མདུན་དུ་འབྱོར་སྐབས་རང་ལ་བཀའ་དྲིན་བརྗོད་མཐའ་བྲལ་བའི་བླ་མ་ཁྱེད་ལས་མེད་པས། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་པའི་བླ་སྒྲུབ་དུས་བཟང་རྣམས་ལ་ཚོགས་མཆོད་འབུལ་བདེ་བ་ཞིག་གནང་བར་ཞུ་ཞུས་པས། བླ་སྒྲུབ་ཡེ་ཤེས་སྤྲིན་ཆེན་བྱ་བ་གནང་བའི་གསང་བའི་གསོལ་འདེབས་སུ། གྲུབ་པའི་དབང་ཕྱུག་ཏིལ་རྡུང་གླིང་ཆེན་རས། །རྒྱལ་སྲས་ཚུལ་ཁྲིམས་སེངྒེ་དྲུང་རྨ་སེ། །ད་ལྟ་སྦས་ཚུལ་སྔགས་རིགས་གདོལ་སྤྱོད་འཆང་། །ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །ཞེས་འཁོད་འདུག་པས། རང་གིས་ཏིལ་རྡུང་ཞེས་པ་གྲུབ་ཆེན་ཏཻ་ལོ་པ་ཡིན་ནམ་བླ་མ་གྲུབ་ཐོབ་གཞན་ཞིག་ཡིན་སྙམ་ནས།  རིན་པོ་ཆེ་ལགས། ཏིལ་རྡུང་པ་གསུངས་པ་ཏཻ་ལོ་པ་རེད་དམ་ཞུས་པས། བླ་མའི་ཞལ་ནས།  ཏིལ་རྡུང་གསུངས་པ་ཏཻ་ལོ་པ་རེད། རང་གི་ཉམས་དང་རྨི་ལམ་འགའ་ནས། རང་ཉིད་ཏཻ་ལོ་པ་དངོས་ཡིན་པའི་སྣང་ཚུལ་དང་། རྒྱ་གར་ཆུ་བོ་གངྒ་ནས་སྤྱོད་པ་སྐྱོང་བ་རྣམས་ཀྱང་དྲན་འདུག   སྐབས་འགར་གྲུབ་ཆེན་གླིང་རས་ཡིན་སྣང་དང་། སྐབས་འགར་རྒྱལ་སྲས་ཚུལ་ཁྲིམས་སེངྒེ་ཡིན་སྣང་སོགས་འབའ་རོམ་པའི་ཆོས་ལ་ཉམས་པ་སོར་ཆུད་ཀྱི་བག་ཆགས་འཇོག་སྐབས།  སྔོན་གནས་རྗེས་དྲན་ཀྱི་སྣང་ཚུལ་ཡོང་འདུག་པས། རང་ཉིད་རྒྱལ་སྲས་ཚུལ་ཁྲིམས་སེངྒེའི་རྣམ་འཕྲུལ་དུ་ངེས་ཤེས་ཀྱང་ཡོད། ཚུལ་ཁྲིམས་སེངྒེའི་གསང་མཚན་ལ་ལྷན་སྐྱེས་བདེ་བའི་རྡོ་རྗེ་ཞུ་བ་རེད། བླ་སྒྲུབ་འདི་རྒྱལ་སྲས་ཚུལ་ཁྲིམས་སེངྒེའི་བླ་སྒྲུབ་བྱས་ནའང་ཆོག། རྒྱན་ཆ་ལུགས་འདི་ཚུལ་ཁྲིམས་སེངྒེའི་རྒྱན་ཆ་ལུགས་རེད། ཁྱེད་ཀྱིས་ང་ཡི་བླ་སྒྲུབ་དགོས་ཟེར་བས་ང་ཡི་བླ་སྒྲུབ་ཀྱང་ཡིན། ང་ལ་བླ་མས་གསང་མཚན་བདེ་བའི་རྡོ་རྗེ་གནང་བྱུང་། རྒྱལ་སྲས་ཚུལ་ཁྲིམས་སེངྒེ་གླིང་ཆེན་རས་པའི་རྣམ་འཕྲུལ་རེད། གྲུབ་ཐོབ་གླིང་རས་ནི་ཏཻ་ལོ་པའི་རྣམ་འཕྲུལ་རེད། དེ་ཕྱིར་རང་གི་ཉམས་ལ་སྐབས་འགའ་ཏཻ་ལོ་པ་ཡིན་སྣང་དང་། སྐབས་འགར་གླིང་རས་པ་དང་། སྐབས་འགར་ཚུལ་ཁྲིམས་སེངྒེ་ཡིན་སྣང་བཅས་དེ་ལྟར་ངེས། དྲུང་རྨ་སེ་ནི་རང་གི་རྩ་བའི་བླ་མ་ཁྱུང་སྤྲུལ་རིན་པོ་ཆེ་པདྨ་ཕྲིན་ལས་རྒྱ་མཚོ་ཐོག་མར་མཇལ་སྐབས། ཁྱེད་རང་དྲུང་རྨ་སེའི་རྣམ་འཕྲུལ་དུ་གསལ་བས་དེ་ཕྱིར་ཁྱེད་ཀྱི་མཚན་ལ་འཇམ་དབྱངས་བློ་གྲོས་རིན་ཆེན་གསོལ་བ་ཡིན་གསུངས་པས། གསོལ་འདེབས་འདིར་བཀོད་པ་ཡིན་གསུངས། ཞེས་འཁོད་པའི་ཀརྨ་འཇིགས་བཟང་ཕྱག་བྲིས་འདི་ནི་ཡིད་གཏད་ཕེར་ཞིང་ངེས་ཤེས་འདྲོངས་པའི་ལེགས་བཤད་འདུག 

རང་དགོན་དུ་འདུས་སྡེ་ཡོངས་དང་། གདུང་སྲས་མགོན་མཐར། བྱམས་སྤྲུལ་རིན་པོ་ཆེ་ཀརྨ་ཡེ་ཤེས་སྙིང་པོ། སྒྲུབ་བླ་སྔོན་རྗེས་རྣམས་ལ་འབའ་རོམ་སྙན་བརྒྱུད་ཟབ་མོ་དང་། བཀའ་གཏེར་གསར་རྙིང་། དུས་མཆོད། གཞན་རྗེས་སུ་འཛིན་པའི་ཆོ་ག་ཕྲིན་ལས། སྨན་རྩིས་རིག་གནས་སྣ་ཚོགས། རྗེ་ཉིད་ཀྱི་དགོངས་གཏེར་སོགས་ཟབ་ཆོས་གདམས་པའི་སྐྱེས་བཟང་ལ་ཅི་དགར་རོལ་བའི་སྐལ་ལྡན་དུ་གྱུར་པ་ནི་གྲངས་ལས་འདས། ལས་སྐལ་ལྡན་པའི་སློབ་མ་ཅི་རིགས་ལ། ངེས་དོན་དབུ་མ་ཆེན་པོའི་ལྟ་ཁྲིད་ཀྱི་རྒྱུན་བསྐྱངས། གཞན་ཡང་བསྟན་པ་ཡང་དར་གྱི་སྐབས་འདིར་སྟོང་ནག་བླ་ཆེན་དགོན་དང་། མགོན་པོ་དགོན་སོགས་སུ་ཟླ་སྤྲུལ་གཉིས་པ་ངེས་དོན་བསྟན་པའི་རྒྱལ་མཚན་ནས་ཐུན་མིན་དུ་ཐོབ་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་སྨིན་གྲོལ་ཟབ་མོའི་རྒྱུན་མང་པོ་འཆད་སྤེལ་མཛད།

ཟླ་སྤྲུལ་གསུམ་པ་ཀརྨ་ངེས་དོན་སྒྲུབ་བརྒྱུད་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག རབ་རྒྱལ་ཆུ་ཁྱི་༡༩༨༢ལོར་རྒྱ་གར་ནས་གཞིས་ཕེབས་དུས། ཚངས་གསར་དགོན་དུ་ཕེབས་སྐབས། ཐུགས་ཉམས་ལ་ཐོལ་བྱུང་དུ་ཤར་བའི་སྐུ་བསྟོད་ཕུལ་བ་ནི།  ཨོཾ་བདེ་ལེགས་སུ་གྱུར་ཅིག། དར་མ་དབང་ཕྱུག་མཆོག་ལ། །བདག་གིས་དད་པས་མཇལ་ཚེ། །སྟག་ཤམ་རུས་རྒྱན་མེད་ཀྱང་། །ཧེ་རུ་ཀ་དཔལ་དངོས་ཡིན། །ཕྱི་རོལ་མ་དག་སྣང་ངོར །  །རྩིང་སྤྱོད་ཧཱུྃ་ཤི་ཕཊ་རལ། །སྦ་འཁར་ཀླད་ལ་སྐོར་བཞིན། །སྐྲ་དང་ཁ་སྤུ་གཟེངས་ནས། །བལྟས་ན་གཤིན་རྗེ་ཁྲོས་པ། །བཏང་ན་བྱིས་པ་བསམ་མེད། །བཟུང་ན་སྨྱོན་པ་ཟང་ཐལ། །བཞག་ན་ཚེ་ཡི་རིག་འཛིན། །གསོལ་བ་ལན་བརྒྱར་འདེབས་སོ། །ཟླ་བཟང་སྤྲུལ་མིང་པས་སོ། །ཞེས་ཕུལ།

ཡུག་གི་བིའུ་རུ་དགོན་པས། གཤིན་རྗེ་ཁྲོ་ཆུ། སྲི་ཟློག གདུགས་དཀར་སོགས་འདོད་ཆོས་ཅི་རིགས་དང་། བྲག་སེར་དགོན་སོགས་སུ་གཏེར་གསར་ཆོས་སྐོར་རག་རིམ་སོགས་གནང་བས་མཚོན་སྡོམ་པའི་དགོན་ཁག་དང་།      བླ་ཁྱབ་དགོན།  ལྷ་ལམ་དགོན། ཆོས་གླིང་དགོན་སོགས་ལྕི་ཉིན་སྲིབ་དགོན་ཁག་རྣམས་དང་། ཀཿབཀྲ་ཤིས་དགོན་སོགས་ཀཿགཞུང་ཤོག་ཀའི་དགོན་ཁག་རྣམས་ཀྱི། སྤྱི་དང་བྱེ་བྲག་གི་བླ་གྲྭ་སོ་སོའི་ཞབས་ལ་མ་བཏུད་པ་མེད་པ་ལྟ་བུ་དང་། དམིགས་གསལ་རྗེ་ཉིད་ཀྱི་མདུན་ནས་མགོན་པོ་བསྟན་གྲགས་སྤྲུལ་སྐུ་ཚེ་དབང་བདུད་འདུལ་གྱིས། ཀློང་ཆེན་སྙིང་ཐིག  འབྲི་གུང་ལམ་མཁྱེན་འབྲོང་པ་རྒྱལ་པོས་མགོན་པོ་དང་། ལྷ་མོ། ཐང་རྒྱལ་ཚེ་སྒྲུབ་སོགས་གདམས་ཟབ་སྣ་ཚོགས། ངག་འཕྲིན་སྤྲུལ་སྐུ་ཚེ་དབང་བདེ་ཆེན་གྱིས་དྲག་པོ་ཆོས་སྐྱོང་དགོངས་འདུས་སོགས་དང་། སྟོང་ནག་བླ་མ་ནོར་བུས་གདམས་ངག་ཟབ་དགུ་མང་པོ། ཚངས་གསར་བླ་མ་ཨོ་སྨུག་དང་། སེ་བོ་བླ་མ་ཀར་འཛིན་རྣམ་གཉིས་ཀྱིས།  ཆོས་དང་གདམས་ཟབ་གསན་པ་མཐའ་ཡས་ཤིང་།  ཁྱད་པར་རྗེ་ཉིད་ཀྱི་དགོངས་གཏེར་དང་། སྙན་བརྒྱུད་ཀྱི་གདམས་པ་ཐུགས་ཀྱི་བདུད་རྩིར་བསྟེན།

རྟ་རྣ་དགོན་དུ་བཀའ་བརྒྱུད་སྔགས་མཛོད་སྐབས་དེར་འདུས་བླ་གྲྭ་ཡོངས་ལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད། མགོན་པོ་ཕྱག་བཞི་པ། གྲི་ཁུག་རྩེགས་པའི་རྒྱུད། དངོས་གྲུབ་འབྱུང་བའི་ལྷ་མོའི་རྒྱུད། ཁྲག་མཚོ་ཁོལ་མའི་རྒྱུད་ཆེ་ཆུང་གཉིས་སོགས་ལྗགས་ལུང་བསྩལ་བས་མཚོན་མདོ་རྒྱུད་མན་ངག་ཟབ་དགུའི་གདམས་པས་ལས་ཅན་གྱི་གདུལ་བྱ་རྣམས་བྱང་གྲོལ་གྱི་གནས་ལ་བཀོད་ནས། སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་དར་ཞིང་རྒྱས་པར་མཛད།

ཟབ་གཏེར་དགོངས་པའི་གཏད་རྒྱ་གྲོལ་བའི་བདག་རྐྱེན་ལས།  བོད་ཡུལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཐའ་དམག་ཀླ་ཀློའི་དཔུང་གིས་བཅོམ་ནས། བསྟན་འཛིན་ཕལ་མོ་ཆེ་བཙོན་འཇུག་དང་། སྐུ་སྲོག་རྐྱེན་ལམ་དུ་བཏང་ཞིང་། འགྲོ་བའི་བདེ་སྐྱིད་མིང་གི་ལྷག་མར་བཏང་བས།  ནད་མུག་མཚོན་འཁྲུགས་ཀྱི་དུཿ་ཁས་བར་མེད་དུ་གཟིར་བའི་སྐལ་ངན་དུས་ཁུག་གི་འཚུབས་འགྱུར་ནང་། རྗེ་ཉིད་འགལ་རྐྱེན་གང་གིས་ཀྱང་མ་ཚུགས་པར་གསང་གསུམ་རྡོ་རྗེའི་ཁམས་སུ་བརླིང་ཞིང་། མཐར་ཐུག་ཉི་མ་སྤྲིན་ལས་གྲོལ་བ་བཞིན་བསྟན་འགྲོ་ཕན་བདེའི་རྫོགས་ལྡན་གསལ་བའི་ཕྲིན་ལས་ཀྱི་འོད་སྣང་ས་གསུམ་དུ་ཁྱབ་པར་བརྡལ། གདུལ་བྱ་གང་ལ་གང་འདུལ་གྱི་རོལ་གར་སྒྱུ་འཕྲུལ་རྡོ་རྗེའི་བཀོད། ཞི་བརྗིད་ཆགས་ཁྲོ་ལས་བཞི་ལྷུན་གྲུབ་ཀྱི་མཛད་པས། གདུལ་བྱའི་ལས་སྐལ་གྱིས་འཆུན་ཚོད་རྣམས་ཡོངས་སུ་གྲུབ་ནས། དུས་གསུམ་ཀུན་ཏུ་འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི། ལས་དང་ཉོན་མོངས་པའི་མཐས་གཏུགས་པ་དེ་སྲིད་རྒྱུན་མི་འཆད་པའི་བདག་ཉིད་ཆེན་པོ་གང་ཉིད། རྟག་འཛིན་ཅན་རྣམས་སྐྱོ་བ་སྐྱེད་པ་དང་། ཞིང་གཞན་གྱི་གདུལ་བྱ་རྣམས་ལ་བརྩེ་ཆེན་ཡེ་ཤེས་ཀྱིས་གཟིགས་པའི་དོན་ཆེན་མཐའ་ཡས་པ་ལ་དགོངས་ནས། དགུངས་གྲངས་དོན་དྲུག་བཞེས་པ། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྤྱི་ལོ༡༩༩༠ལོའི་ནག་པ་ཟླ་བའི་ཚེས་ཉེར་བརྒྱད་ཉིན། དབུ་གུར་གསར་ཕུབ། གསོལ་ཐབ་གསར་བཅའ་སོགས་མ་འོངས་བསྟན་པ་མཐའ་རྒྱས་ཀྱི་རྟེན་འབྲེལ་ལེགས་འགྲིགས་ཀྱིས་ངོ་མཚར་བའི་རྣམ་པ་དུ་མ་དང་བཅས། དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།

དེ་ཉིན་ནམ་མཁའ་གཡའ་དག་པའི་ཀློང་ནས། མེ་ཏོག་གི་ཆར་གྱིས་སྣ་ཁྲིད་པའི་གདུང་ཆར་ཉིན་མཚན་ཀུན་ཏུ་བབས་པས། སྐབས་དེར་ཆར་མེད་ཚད་པས་གདུང་ཞིང་སྐྱེ་འགྲོའི་རེ་ལྟོས་གནམ་ལ་འཆའ་བ་ལ་ས་ཚིག་ཆར་སྨིན་གྱིས་ཞིང་འབྲོག་ཐམས་ཅད་ཀུན་དགའི་གནས་ལ་བཀོད། 

ནང་ཆེན་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་བམ། མཚན་ཡོངས་གྲགས་ཨ་ཆེན་རིན་པོ་ཆེ། ཁུལ་སྲིད་གྲོས་ཚོགས་འདུའི་སྐབས་རྣམས་དང་། བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་ཤིང་བྱི་ལོར་སྐྱོ་བྲག་ལ་ཕེབས་སྐབས་སོགས་ལ་འབྲེལ་འདྲིས་ཐུགས་ནང་གཤིན་པའི་སྟབས་ཀྱིས།  ས་སྦྲུལ་ལོར་སྡོམ་པར་ཕེབས་སྐབས་མཇལ་འཕྲད་དུ་བྱོན་ནས། ལྷ་ཆེན་ཚོགས་ཀྱི་བདག་པོའི་སྲོག་གཏད་རྗེས་གནང་ཕུལ་བ་དང་། ཡང་ལྕགས་རྟ་ལོར་སྐུ་ཡི་བསྙུན་གསོལ་དུ་ཕེབས་ཤིང་སྐུ་ཞི་བར་གཤེགས་རྗེས། ན་མོ་གུ་རུ་མ་ཏི་རཏྣ་ཡེ། ཚད་མེད་ཡེ་ཤེས་ཐུགས་རྗེའི་ལྷ་ལམ་ནས། །ཞེས་པའི་འདས་རྗེས་གསོལ་འདེབས་ཕུལ། མགར་ཆེན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན། དུང་སྤྲུལ་རིན་པོ་ཆེ་ཀརྨ་བློ་གྲོས་ཆོས་མཆོག་སོགས་རིམ་པར་ཕེབས། དགོངས་རྫོགས་སྐབས་སྐུ་གདུང་བདུན་ཕྲག་གསུམ་ལ་ཚོགས་ཞིང་དུ་བཞུགས་སུ་གསོལ་ཚེ་ནམ་མཁའ་ལས་འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར། རོལ་མོའི་སྒྲ་སོགས་ངོ་མཚར་བའི་རྣམ་པ་མང་པོ་དང་། བདེ་མོ་སྤྲུལ་སྐུ་སངས་རྒྱས་གྲགས་པ་སོགས་བླ་ཁག་རྣམས་ཀྱིས་སྐུ་གདུང་ཞུགས་འབུལ་ཆོ་གའི་སྐབས་བསེར་བུའི་རླུང་འཇམ་ཞིང་། ཕྱོགས་བཞི་མཚམས་བརྒྱད་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ། ཁ་དོག་སྣ་ཚོགས་པའི་འཇའ་འོད་ཀྱི་དྲྭ་བས་སྦྲེལ། ཤིང་ལོའི་དབྱིབས་དང་། པ་ཏྲ་འཛིང་པ་ལྟ་བུ་ལ་སོགས་པའི་སྣང་བརྙན་ངོ་མཚར་བའི་ཆུ་འཛིན་གྱིས་ནམ་མཁའ་བར་སྣང་ཡོངས་སུ་ཁེབས་པ་དང་། བྱ་བྱིའུ་རྣམས་ཀྱིས་ཅ་ཅོའི་སྒྲ་དབྱངས་སྙན་པར་སྒྲོགས་པ་དང་། དད་ལྡན་ ཁྲོམ་ཚོགས་ཀུན་གྱིས་གུས་ཕྱག་གདུང་དབྱངས་དང་། བླ་སྤྲུལ་དགེ་འདུན་རྣམས་ཀྱིས་སེར་ཕྲེང་བྱིན་འབེབས། རོལ་མོ་འབུད་བཀྲོལ། གསུང་ཆོག་གྱེར་དབྱངས་ཀྱི་ཁྲོད་ནས་དེར་འཁོད་ཐམས་ཅད་མོས་གུས་སྐྱོ་གདུང་ཚད་མེད་ཀྱི་ངང་། སྣང་སེམས་འཁྲུལ་པ་རང་འགག་ཏུ་འགྲོ་བ་བྱུང་།

རྗེས་མཇུག་བུ་སློབ་དད་སྤྲོ་འཕེལ་བའི་གསོས་སུ། ཁྱམས་ཀྱི་ཕྱི་ནང་ཀུན་ཏུ། རིང་བསྲེལ་ཁ་དོག་ལྔ་ལྡན་གྱི་ཆར་བབས་པ།  ཕྱིས་ལོ་གྲངས་མང་པོའི་རྗེས་སུ་ཡང་དད་ལྡན་སེར་སྐྱ་མང་པོས་རྙེད་རྒྱུ་ཡོད་པ་བྱུང་ཞིང་།  རྟེན་བྱོན་གཙོ་བོ་ཐུགས་ལྗགས་གཉིས་མ་ཉམས་པར་བྱོན་པ་ལས། ཐུགས་ནི་བསམ་གྲུབ་མཐོང་སྨོན་གླིང་གི་མཆོད་སྡོང་ཆེན་མོའི་ནང་དུ་བཞུགས་སུ་གསོལ་བ་དང་། ལྗགས་ནི་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་གི་སྨན་འདམ་ལས་བཟོས་པའི་འདྲ་ཞལ་ཆེན་མོའི་ནང་བཞུགས་སུ་གསོལ་བ། བྱིན་རླབས་གཟི་བྱིན་གྱི་རྣམ་འཕྲུལ་ཅིར་ཡང་སྟོན་བཞིན་བཞུགས་པ་དང་། གཞན་ཡང་བསྟན་པ་ཡང་དར་གྱི་སྐབས་འདིར། ཉིད་ཀྱི་དགོངས་འདུན་སྐུ་འཚོ་བཞུགས་སྐབས་མ་གྲུབ་པའི་འཕྲོ་ཅན་རྣམས། ཐུགས་ཀྱི་བཞེད་དོན་ལས་ཡར་ལྷག་ལེགས་འགྲུབ་དང་། གྲུབ་ཟིན་རྣམས་འཛིན་སྐྱོང་། དུས་བསྟུན་སྒྲུབ་མཆོད་སོགས་སྔར་སྲོལ་ལྟར་རྒྱུན་ཆད་མེད་དུ་སྐྱོང་བའི་ཐུགས་འགན་ལྷུར་བཞེས་སོགས་བསྟན་དགོན་འདི་ལ་ཕྱག་རྗེས་མངོན་གསལ་མངའ་བའི་གདུང་སྲས་མགོན་ཐར་སྐུ་འཚོ་བཞེས་ངང་། ལུགས་གཉིས་དབུ་འཕངས་མཐོ་བཞིན་པ་དང་། བྱམས་སྤྲུལ་ཀརྨ་ཡེ་ཤེས་སྙིང་པོ་ནས་དགོན་རྩེ་མཐིལ་གཉིས་ཀྱི་སྒྲུབ་བླ་གསར་བཞུགས་ཇོ་སེར་རྣམས་ལ་སྨིན་གྲོལ་གྱི་རྒྱུན་སྐྱོང་བཞིན་པའི་ངང་། ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པས་མཚོན་རྗེ་ཉིད་ཀྱི་གདན་སའི་འདུས་སྡེ་དང་། ཡུལ་སྡེ་ཐུན་མོང་ནས་སོ་སོའི་ནུས་ཤུགས་དང་བསྟུན་པའི་བསྟན་དགོན་གྱི་ཞབས་འདེགས་སུ་གྱུར་པའི་ཐུགས་འགན་གཙང་བཞེས་ཀྱི་འབད་རྩོན་ནར་མར་མཛད་བཞིན། རྒྱུ་དངོས་ས་གཞིས་རྟེན་བཞག་སྦྱོར་འཇག་སོགས་བསྟན་སྲིད་ཀྱི་ལ་རྒྱར་ཕྱར་བ་གྲུ་འདེགས་མཛད་པ་དང་། ཁྱད་པར་སྒྲུབ་བླ་སྔ་རྗེས་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་ནས་ཆོས་སྤེལ་འབུལ་སྡུད་ཀྱིས་ཡིག་ཆ་དཔེ་བསྐྲུན། གཞུང་ལམ་གསར་རྒྱག།  ལྷ་ཁང་གསར་བཞེངས་སོགས་བསྟན་དགོན་ལ་ཞབས་འདེག་མཛད་དང་མཛད་མོས་དང་། སློབ་གཉེར་བློ་གསལ་གཞོན་ནུ་རྣམས་ཀྱིས། མདོ་དབུས་ཆོས་གྲྭ་ཁག་ནས་གུས་རྟག་སྦྱོར་བའི་རྩོན་པའི་རྒྱུན་ནར་མར་བསྐྱངས་ཏེ། འགལ་རྐྱེན་དཀའ་ཚེགས་སྐུ་ངལ་ཆད་དུ་བསད་ནས། རྒྱལ་བསྟན་རིན་པོ་ཆེ་ཐུགས་ཀྱི་གཅེས་ནོར་དུ། འཆད་རྩོད་རྩོམ་གསུམ་གྱི་བདག་པོ་རྡོ་རྗེ་འཆང་འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་འགྲོ་འདུལ་ཕྲིན་ལས་རྒྱུན་ནར་མར་སྐྱོང་བའི་མཛད་བཟང་ལྷུར་བཞེས་གནང་བཞིན་པ་དང་། གཞན་ཡང་རྗེ་ཉིད་ཀྱིས་སྨིན་གྲོལ་གདམས་ཟབ་བདུད་རྩིའི་སྐྱེས་བཟང་གནོག་ཆོས་སུ་བསྩལ་ཞིང་། བརྒྱུད་པ་འཛིན་པའི་སྐལ་ལྡན་གྱི་སློབ་ཆེན་མང་དུ་བཞུགས་པ་ལས། འདིར་མཚན་ཐོ་རག་རིམ་ཙམ་བཀོད་ན། སྐྱོ་བྲག་དུང་སྤྲུལ་རིན་པོ་ཆེ་ཀརྨ་བློ་གྲོས་སྙིང་པོ། གསལ་བྱེད་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན། སྐྱབས་ཆེ་བསོད་ཆོས་སྤྲུལ་སྐུ་རྡོ་རྗེ་སྙིང་པོ། བདེ་མོ་སྤྲུལ་སྐུ་སངས་རྒྱས་གྲགས་པ། ངག་འཕྲིན་སྤྲུལ་སྐུ་ཚེ་དབང་བདེ་ཆེན། ཤོར་ཕུ་རིག་འཛིན་སྤྲུལ་སྐུ་ཀརྨ་དགེ་འཕེལ། མགོན་དགོན་བླ་མ་མཁྱེན་རྒྱམ་དང་ཀུན་ཁྱབ། རང་དགོན་བྱམས་སྤྲུལ་ཀརྨ་ཡེ་ཤེས་སྙིང་པོ། མགོན་པོ་བསྟན་གྲགས་སྤྲུལ་སྐུ་ཚེ་དབང་བདུད་འདུལ། ཕུར་དགའི་ཡང་སྲིད་འབྲོང་པ་རྒྱལ་པོ། སྟོང་ནག་ཀརྨ་སྒྲུབ་བརྒྱུད་ཕྲིན་ལས་ཀུན་ཁྱབ། སྟོང་ནག་བསྟན་འཛིན་རྒྱལ་མཚན། སྟོང་ནག་བླ་མ་ནོར་བུ། སྒེའུ་སྣ་སྤྲུལ་སྐུ་བསྟན་འཛིན། ཚངས་གསར་འགྱུར་མེད་རྡོ་རྗེ། ཚངས་གསར་ཨོ་སྨུག  སྒྲུབ་བརྩོན་པདྨ་ཡོན་ཏན། ཅུང་པ་རྡོ་རྗེ་སློབ་དཔོན་བྱམས་པ་ཆོས་འཕེལ། སྔགས་འཆང་ཕུན་ཚོགས་བསྟན་འཛིན། སྒྲུབ་བླ་ཀརྨ་འཇིགས་བཟང་། ཀར་ཐར་སོགས་དང་། དཀར་ནག་རྩིས་དང་གསོ་རིག་སོགས་རིག་གནས་སྐོར་གྱི་བརྒྱུད་འཛིན་མགོན་ཐར། ཀརྨ་དཔལ་འབྱོར། ཅུང་པ་ཕྱག་རྡོར། སྙན་གྲགས། འཚོ་མཛད་བཀྲ་ཤིས་ཆོས་འཕེལ། སེ་བོ་འཇམ་དཔལ། ཚེ་དབང་འགྱུར་མེད་སོགས་མང་དུ་བཞུགས་པའོ།  །

རྒྱལ་ཀུན་མཁྱེན་པའི་ལྷ་ལམ་ཡངས་པ་རུ། །

བརྩེ་ཆེན་གཟུགས་སྐུའི་དཀྱིལ་འཁོར་བྲི་གང་བྲལ། །

མཛད་ཕྲིན་ཚ་ཟེར་གདུལ་བྱའི་འཛིན་མར་འཕྲོ། །

ནུས་པས་ལས་ཉོན་སྲིད་པའི་འདམས་སྐེམས་ཤིང་། །

འགྲོ་བློའི་མ་རིག་མུན་པ་སེལ་མཛད་པའི། །

རྗེ་བཙུནབླ་མའི་གསང་གསུམ་རྣམ་པར་ཐར། །

ལུང་རྟོགས་བསྟན་པའི་པད་ཚལ་སྐྱོང་བའི་གཉེན། །

སྲིད་ཞིའི་ཞིང་ཀུན་མཛེས་པའི་རྒྱན་དུ་གསལ། །

ཞེས་ཐོག་མཐའ་བར་གསུམ་དུ་དགེ་བ། སྐུ་གསུང་ཐུགས་རྡོ་རྗེའི་རྣམ་ཐར་རྨད་བྱུང་སྐུ་གསུམ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྟོགས་བརྗོད། གདུང་སྲས་མགོན་པོ་མཐར་ཕྱིན་སོགས་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱི་གསུང་གསང་སོ་སོའི་ཟིན་བྲིས་རྣམས་ཀྱི་སྙིང་པོ་དང་།  རང་གི་མཐོང་ཐོས་རྣམས་རག་བསྡུས་སུ་བཀོད་པའི་སྐབས་ཏེ་ལེ་ཚན་དང་པོའོ།  །