Jump to content

ཚངས་གསར་དགོན།།

ཡོང་ཁུངས་Wikipedia

༄༅། །ཚང་སར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ། ཚངས་གསར་འཇམ་དབྱངས་བློ་གྲོས་རིན་ཆེན། ཨོཾ་སྭ་ཏི།།

དགེ་ལེགས་དུ་མའི་འབྱུང་གནས་མཆོག་གསུམ་མགོན།།

དངོས་ཀུན་ཆར་འབེབས་ཡི་དམ་ཞི་དང་ཁྲོ།།

ཐོགས་མེད་ཕྲིན་ལས་ཉེར་བསྒྲུབ་བརྒྱུད་གསུམ་ཚོགས།།

དེང་འདིར་ཤིས་པའི་མེ་ཏོག་ཆར་ཆེན་རྩོལ།།

ཞེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས། སྐབས་སུ་བབ་པ་ཚངས་གསར་གནམ་དགོན་གྱི་བྱུང་ཚུལ་མདོར་བསྡུས་བཀོད་པ་ལ། ཚང་སར་ཞེས་པའི་མིང་དོན་ནི་རྒ་རྗེའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེ་རབ་བྱུང་བཞི་པའི་མེ་ཕག་སྤྱི་ལོ་གཅིག་སྟོང་ཉིས་བརྒྱ་ཉེར་བདུན་ ལ་སྐུ་འཁྲུངས་ཞིང་དགུང་གྲངས་སོ་དགུ་ལ་ས་སྐྱ་ཆོས་རྒྱལ་འཕགས་པས་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བསྐོས་བཞག་མཛད། དགུང་ལོ་ཉེར་བརྒྱད་རིང་སྐུ་འབུམ་དགོན་གནས་དྲུག་ཁྲི་བསྐོར་བཅུ་གཉིས་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས། དམ་པ་དེ་ཉིད་ཀྱི་དབོན་བྱང་ཆུབ་གཞོན་ ནུ་ཤིང་སྟག་ལ་སྐུ་འཁྲུངས།ཆུ་སྦྲུལ་ལ་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཀོད།རབ་བྱུང་ལྔ་པའི་ཆུ་སྟག་ལ་ཚང་མང་སར་པ་བཞེངས་དེ་ཕྱིན་སྒོམ་སྡེ་ནང་ཡ་གཉིས་ སུ་བྱུང་བའི་ཚང་སར་པའི་མཚན་དོན་དེ་ནས་བྱུང། གནམ་ཞེས་པ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་སྤྱི་ལོ་གཅིག་སྟོང་བདུན་བརྒྱ་གཉིས་ལ་ཚང་སར་བླ་མ་བསོད་ནམས་ཡེ་ཤེས་སྐུ་ཕྲེང་དང་པོ་ཚང་སར་ཀརྨ་ངག་དབང་ དར་རྒྱས་ཀྱི་སྲས་སུ་སྐུ་བལྟམ། རབ་ལོ་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་གཅིག་སྟོང་བདུན་བརྒྱ་ཉེར་བཞི་ལ་གོང་མ་གཡུང་ཀྲིང་ཆེན་པོའི་འཕྲིན་ལས་པ་ཟི་ལིང་རྡོ་རྒན་ ཨཾ་བྷན་གྱིས་ཉེར་ལྔའི་ས་སྒོ་ཕྱེས་ཤིང་། །ཆིང་ཧུ་རྡོ་རྗེ་ཚེ་དབང་གིས་བཀའ་ཆོད་གནང་དོན་ལྟར་འདོད་རྒྱལ་གྱི་མིང་ལ་གནམ་གཞུང་དུ་གྲགས་པའི་རྒ་རུ་ཞེས་པར་དགོན་ས་འཛིན་དགོས་གསུངས་པ་ལས། འདམ་ཁྲ་ལྟེམ་ནས་ཕྱིར་རང་ཡུལ་དུ་བྱོན་ཏེ་ཐོག་མར་མེ་ལོང་བྲག་ཀེ་ལ་རི་ཁྲོད་མཛད་དེ་བཞུགས། དེ་ཕྱིན་ཚང་སར་གནམ་དགོན་ཞེས་པའི་མིང་ཐོགས་དེ་ནས་བྱུང།