ཚ་ལ་ན་ཡེ་ཤེས་རྒྱལ་མཚན་
ཡུམ་བརྟན་གྱི་རྒྱུད་པ། ཡབ་མགོན་སྤྱོད་ཀྱི་སྲས་སུ་སྐུ་འཁྲུངས། བོད་ཀྱི་ལོ་རྒྱུས་ཡིག་ལམ་མང་པོར་ཡུམ་བརྟན་རྒྱུད་ཀྱི་གདུང་རབས་རིམ་པར་བྱོན་པའི་ནང་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱར་དུ་དར་བ་དང་། གཙུག་ལག་ཁང་ལ་སྲི་ཞུ་སོགས་མངའ་བདག་འདི་ཉིད་ཀྱིས་མཛད་རྗེས་གཟེངས་སུ་ཐོན་པ་བཞག་ཡོད་པ་མ་ཟད། ཁོང་ནི་ལེགས་སྦྱར་གྱི་སྐད་ལ་ཤིན་ཏུ་བྱང་བས་ཁ་རག་སྨྱོས་ཀྱི་ལོ་ཙཱ་བ་ཡང་ཁོང་གི་སློབ་མ་ཡིན། ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་གི་ལོ་ཉི་ཤུའི་སྐབས་ཙམ་ལ་པཎྜི་ཏ་པད་མ་གསང་བ་བོད་དུ་བྱོན་སྐབས་ཞབས་ལུགས་གྲོལ་ཐིག་སོགས་བསྒྱུར་བའི་ལོ་ཙཱ་བ་ཡང་མཛད་ཅེས་གསལ། ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཁྲི་པ་ཡིན་ཞིང་། ཡབ་སྲས་འདི་གཉིས་ཀྱི་རིང་ལ་བསམ་ཡས་གཙུག་ལག་ཁང་གི་ཞབས་ཏོག་མཛད་པ་དང་། དེབ་ཐེར་ལ་ལར་ཁོང་ཡབ་སྲས་གཉིས་ཀྱིས་དབུས་གཙང་མི་བཅུ་མདོ་ཁམས་སུ་བརྫོང་བའི་བདག་རྐྱེན་མཛད་པར་གྲགས། 《བསྟན་རྩིས་ཀུན་བཏུས》ནང་བཙད་པོ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་བོད་མེ་གླང(༩༧༧)ལོའི་སྔ་ཕྱི་འདིར་འདས་ཞེས་གསལ། བོད་ཀྱི་ལོ་རྒྱུས་ཡིག་ལམ་མང་པའི་ནང་ཡུམ་བརྟན་གྱི་གདུང་རྒྱུད་རིམ་པར་བསྟན་པའི་ནང་ནས་བཙན་པོ་འདི་དང་ཁྲི་ལྡེ་མགོན་བཙན་གྱི་མཛད་རྗེས་འཁོད་པ་ལས་གཞན་རྣམས་སྔ་ཕྱིའི་གོ་རིམ་བསྟན་པ་ཙམ་ལས་མ་མཆིས་དེ་ནི་གཙོ་བོ་ཡུམ་བརྟན་གྱི་གདུང་རྒྱུད་ཀྱིས་ཆོས་ཕྱོགས་སུ་མཛད་རྗེས་ཆེན་པོ་རང་འཇོག་ཐུབ་མེད་པས་ཡིན་ཞིང་། འོན་ཀྱང་སྲིདཕྱོགས་ཐད་ཡུམ་བརྟན་རྒྱུད་ཀྱིས་དབུས་གཙང་ཕལ་ཆེར་འཛིན་ཐུབ་པ་བྱུང་ཡོད།