ཙོམ་མདོ་དཔལ་འབར་
ཙོམ་མདོ་དཔལ་འབར་ནི་ས་ཆ་ཞིག་གི་མིང་ཡིན་ཞིང་། དེང་སང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་མངའ་ཁོངས་སུ་གཏོགས། རྫོང་མཁར་ནས་རྔུལ་ཆུ་གྱེན་དེད་ཀྱིས་ཕྱིན་པའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉེར་བརྒྱད་མཚམས་སུ་དེང་གི་ཡུལ་ཚོའི་སྲིད་གཞུང་ཡོད་ལ། དཔལ་འབར་གྲོང་ནི་ཡུལ་ཚོའི་ལྷོ་ངོས་ཀྱི་ལུང་ཆེན་ཞིག་ཏུ་ཡོད། གནས་འདིར་རབ་བྱུང་གསུམ་པའི་ལྕགས་སྤྲེལ་སྤྱི་ལོ་༡༢༠༠ལོར་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་ལས་སྨར་ཚང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་ཐུགས་སྲས། འགྲོ་མགོན་རིན་ཆེན་དཔལ་གྱིས་གནས་གསར་དགོན་པ་ཕྱག་བཏབ་པས། དགེ་འདུན་གྱི་སྡེ་བརྒྱ་ཕྲག་བཅུ་གསུམ་ལྷག་འདུས་ཤིང་། ཙོམ་མདོ་གནས་གསར་དགོན་ཞེས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཆེ་ཤོས་སུ་གྱུར་པ་དང་། གནམ་ལ་ཉི་ཟླ་གཉིས། ས་ལ་ཤོ་ཙོམ་གཉིས་ཞེས་རྩ་བའི་གདན་ས་དཔལ་གྱི་ཤོ་དགོན་པ་དང་ཕྲིན་ལས་མཉམ་པར་བྱུང་མོད། གདན་ས་འཛིན་པའི་ཁྲི་རབས་བཅོ་ལྔ་བྱུང་བའི་རྗེས་སུ་དུས་ཡུན་ཅི་ཙམ་གནས་པ་དང་། རྒྱུ་རྐྱེན་གང་གིས་འཇིག་པ་སོགས་མ་འཚལ། དེང་སང་རྗེས་ཤུལ་ཙམ་ཞིག་ཡོད་སྐད་འདུག་ཀྱང་ས་ཁྲའི་ངོས་ནས་བཙལ་འཚོལ་མ་ཐུབ་ལ། དཔལ་འབར་གྲོང་པ་དེང་གི་ཙོམ་མདོ་ཡུལ་ཚོའི་སྲིད་འཛིན་གྱི་ས་ཁོངས་སུ་གནས་ཀྱང་། གནས་གསར་དགོན་ཤུལ་ཡོད་སའི་ཕྱོགས་དེ་ཡུལ་ཚོ་གཞན་གྱི་མངའ་ཁོངས་སུ་ཚུད་ཡོད་ཟེར། དུས་རབས་བཅུ་དྲུག་པའི་ནང་དུ་སྡེ་དགེ་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་མངའ་རིས་རྒྱ་བསྐྱེད་མཛད་སྐབས་འདི་ཕྱོགས་ཀྱི་དགོན་གནས་ཁ་ཤས་འཐོར་ཞིག་ཕྱིན་པའི་སྐོར་ངག་རྒྱུན་ཟར་ཟིར་བཤད་རྒྱུ་ཡོད་ཚོད་འདུག་ཀྱང་མི་བདེན་སྙམ་སྟེ། སྡེ་དགེའི་རྒྱལ་རབས་རྙིང་གྲས་དགེ་ལེགས་ནོར་ཕྲེང་དུ། ཙོམ་མདོ་ནི་དཔོན་ཆུང་གེ་འཕན་ཨི་གཞིའི་སྡེ་ཡིན་པས་བླ་ཆེན་ལ་གཙང་འབུལ་ཞུས། ཞེས་འཁོད་པས་དམག་ཤུགས་ཀྱིས་དབང་སྒྱུར་བྱས་མེད་པར་མངོན། རྗེས་སུ་དཔལ་སྤུངས་དགོན་པའི་སྐུ་ཚབ་གཅིག་གི་འོག་ཏུ་ཙོམ་མདོ་དཔལ་འབར་གྱི་སྡེ་དུད་བརྒྱད་ཅུ་ཐམ་པ་ཡོད་པས་སྡེ་དགེ་རྒྱལ་པོས་མཆོད་ཐེབས་སུ་སྩལ་བ་མིན་ནམ་སྙམ། ད་རུང་དུས་རབས་བཅོ་ལྔ་པའི་ནང་དུ་ཙོམ་མདོ་དཔལ་འབར་དུ་པར་དུ་བརྐོས་པའི་ཤིང་པར་གྱི་དཔེ་ཆ་པར་མ་ཞིག་ཀྱང་ཉེ་ཆར་ཁོ་བོའི་ལག་ཏུ་སོན་པས། སྐབས་དེར་ཆོས་རིག་འཆད་ཉན་ཙམ་དུ་མ་ཟད། པར་རྐོས་ཀྱི་ལག་རྩལ་རིག་གནས་ཧ་ཅང་དར་ཡོད་པ་ཤེས་ཐུབ་བོ། །