ཙིཏྟཾ་
ཙིཏྟཾ་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་"སེམས"ཞེས་པའི་དོན་ཡིན་ཏེ། ཐེག་པ་ཐུན་མོང་ལྟར་ན་ལས་ཐམས་ཅད་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་སྒོ་ནས་སེམས་དགེ་བར་མཛོད་ཅིག་ཞེས་སྨོན་པ་ཡིན། ཐུན་མིན་ལྟར་ན་བདེ་བ་ཆེན་པོ་ཡེ་ཤེས་གཉུག་མའི་སེམས་ཀྱི་རྡོ་རྗེ་ཉིད་ཀྱི་རང་རྩལ་ལས་བརྟན་གཡོ་སྲིད་ཞིའི་གནས་སྣང་གི་བཀོད་པ་འདི་ཉིད་འཕྲུལ་ཞིང་། དོན་དུ་སེམས་ཉིད་བདེ་བ་ཆེན་པོ་རང་བྱུང་རིག་པའི་ཀློང་ལས་ཕྱི་རོལ་ཏུ་ཁྱབ་པ་ལ་མཚོན།
སྒྲ་བཤད།
[རྩོམ་སྒྲིག]ཙིཏྟཾ་ནི་སེམས་ཀྱི་དོན་ཏེ། གཉིས་པའི་ཨམ྄་བྱིན་པས་ཙིཏྟཾ་སེམས་ལ་ཞེས་པར་འགྱུར།
"ཙིཏྟཾ་ནི་སེམས། ཤྲེ་ཡ་ནི་དགེ་བར། ཀུ་རུ་ནི་མཛོད་ཅིག། ཧཱུྃ་ནི་ཐུགས་ཡེ་ཤེས་ཆེན་པོ་མཚོན་པའོ། དེ་དག་བསྡོམས་ན། བདག་གི་སེམས་ནི་དགེ་བར་མཛོད། ཅེས་སོ།"[༡]
དོན་འགྲེལ།
[རྩོམ་སྒྲིག]སེམས་དགེ་བར་མཛོད་ཅིག་ཅེས་པའི་བསྐུལ་བའི་ཚིག་སྟེ། ལས་ཐམས་ཅད་ཀྱི་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར།
"ལས་ཐམས་ཅད་ལའང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་པའོ། དེའང་ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་ཞིང་། ཡིད་དགེ་ན་ལས་ཐམས་ཅད་དགེ་བར་འགྱུར་བའི་ཕྱིར་སེམས་དགེ་བར་མཛོད་ཅིག་ཅེས་བསྐུལ་བ་ཡིན་ཞིང་།"[༢]
ངེས་དོན་དུ་ནི་སེམས་ཀྱི་རང་བཞིན་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ངོ་བོར་རྟོགས་པ་སྟེ།"ངེས་དོན་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། ཞེས་པ་ལྟར་བདེ་བ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཅིག་ཉིད་ཀྱི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མ་རྣམ་པར་འཕྲུལ་ཞིང་། ཇི་ཙམ་དུ་འཕྲུལ་ཡང་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པའི་ངེས་གསང་རྟོགས་པའི་ཕྱིར་བསྐུལ་བའི་ཚིག་གོ།"[༣]
ཚིག་སྦྱོར།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་ནང་དུ་"ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ"་ཞེས་སྦྱོར་ཏེ། ཤྲཱི་ཡཾ་ནི་དཔལ་གྱི་དོན་ཞིང་། ཀུ་རུ་ནི་མཛོད་ཅིག་གི་དོན། ཧཱུྃ་ནི་ཐུགས་ཡེ་ཤེས་མཚོན་པའོ།
"ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད། དཔལ་དེ་ཇི་ལྟ་བུ་ཞེ་ན། ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན།"[༤]
གལ་ཆེའི་གནད།
[རྩོམ་སྒྲིག]ཐུན་མོང་ལྟར་ན་ཆོས་རྣམས་སྔོན་དུ་ཡིད་འགྲོ་བས་སེམས་གཙོ་བོ། ཐུན་མོང་མིན་པར་ན་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱི་སེམས་ལ་བྱ་སྟེ།
"དེའང་ཐེག་པ་ཐུན་མོང་ལྟར་ན་ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་ལས་ཐམས་ཅད་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་སྒོ་ནས་སེམས་དགེ་བར་མཛོད་ཅིག་ཞེས་སྨོན་པའམ།"[༥]