Jump to content

མྱོས་པ་

ཡོང་ཁུངས་Wikipedia

མྱོས་པ་ཞེས་པ་ནི་སྤྱིར་བཏང་ལ་སེམས་ཀྱི་རང་བཞིན་འཁྲུགས་ཤིང་དབང་མེད་དུ་གྱུར་པའི་གནས་སྐབས་ཤིག་ལ་གོ་དགོས། སེམས་ཀྱི་རང་བཞིན་དང་དེའི་གནས་སྟངས་འགྲེལ་བཤད་བྱེད་པའི་སྐབས་སུ་ཐ་མལ་དུ་ཆང་རག་གིས་མྱོས་པའི་རྣམ་པ་དང་འདྲ་མཚུངས་དུ་སྤྱད་པའི་དཔེའི་ཚིག་ཅིག་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སེམས་བསྲུང་གི་ལེའུ་ནང་དུ་གླང་ཆེན་གྱི་དཔེར་ཐབས་ལ་མཁས་པ་རྣམས་ཀྱིས་སེམས་ཀྱི་གཡེང་བ་དང་ཉོན་མོངས་པའི་དབང་དུ་གྱུར་པའི་རྐྱེན་དུ་བསྟན་ཡོད།

ནང་དོན།

[རྩོམ་སྒྲིག]

ཉོན་མོངས་པས་མྱོས་པ། "རང་འདོད་པ་ལ་སྤྱོད་ཅིང་གནས་པའི་སེམས་ཉིད་ནི་གླང་པོ་ཆེ་མྱོས་པ་དང་འདྲ་བའང་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའི་ལྕགས་ཀྱུས་ཇི་ཞིག་ལྟར་དབང་དུ་བྱེད་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་སེམས་ཉོན་མོངས་པའི་དབང་དུ་སོང་ནས་རང་དབང་མེད་པར་གྱུར་པ་ལ་གོ་དགོས། ཆང་གིས་མྱོས་པའི་དཔེ། "གླང་པོ་ཆེ་ནི་སྟོབས་ཆེ་ཞིང་རང་བཞིན་གྱིས་མི་སྲུན་པ་ཡིན་ལ། དེ་ཆང་གིས་མྱོས་པས་ནི་གནོད་པ་སྣ་ཚོགས་པ་བྱེད་པ་ལྟར་སེམས་ནི་རང་བཞིན་གྱིས་སྟོབས་ཆེ་ཞིང་མི་སྲུན་ལ། ཉོན་མོངས་པའི་ཆང་གིས་མྱོས་པས་ནི་མི་བྱེད་པ་ཅི་ཡང་མེད་པས་"[]ཞེས་གསུངས་པ་ལྟར་ཐ་མལ་པའི་གླང་ཆེན་ནམ་སེམས་ཉིད་ཆང་དང་ཉོན་མོངས་པས་མྱོས་པར་གྱུར་ན་རང་དབང་མེད་པར་གྱུར་ནས་གནོད་པ་ཆེན་པོ་སྐྱེད་པར་འགྱུར་རོ། །གནོད་པའི་ཚུལ། "སེམས་ཀྱི་གླང་པོ་ཆེ་འདི་སྔོན་སོང་གི་བག་ཆགས་ཀྱི་རྗེས་སུ་དཔྱོད། མ་འོངས་པའི་རྣམ་པར་རྟོག་པའི་མདུན་བསུས། ད་ལྟའི་རྣམ་པར་རྟོག་པ་རྐྱེན་ཡུལ་དུ་བཏང་ནས་ཁ་ཡན་བྱུང་རྒྱལ་དུ་ཡན་པར་བཏང་བས་ལས་ངན་པ་བསགས་ཏེ།ཚེ་ཕྱི་མ་ལ་དམྱལ་བ་མནར་མེད་པ་ལ་སོགས་པར་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་དྲག་པོ་བྱེད་པ་ལྟར་"[]ཞེས་གསུངས་པ་ལྟར་སེམས་མྱོས་པར་གྱུར་ན་ཕྱི་མར་ངན་སོང་གི་སྡུག་བསྔལ་དྲག་པོ་མྱོང་དགོས་པར་འགྱུར་རོ། །

གདུལ་ཚུལ།

[རྩོམ་སྒྲིག]

དྲན་པའི་ལྕགས་ཀྱུ། "དེ་གདུལ་བའི་ཕྱིར་དྲན་པའི་ལྕགས་ཀྱུས་སྤྱི་བོ་ནས་བཟུང་སྟེ་བཀུག །ཤེས་བཞིན་གྱི་ལིག་ལིང་རིའི་ཐག་པ་སྲ་བ་ལྔ་བརྒྱས་བརྟོད་དེ་ཆོས་ལ་སེམས་པའི་ཀ་བའམ་སྡོང་ཆེན་ལ་བཏགས་ཏེ་ཇི་ལྟར་ནམ་དུ་ཡང་མི་འཆོར་བར་དམ་དུ་ཐོགས་ཤིག་པའོ། །"[]ཞེས་གསུངས་པ་ལྟར་དྲན་པ་དང་ཤེས་བཞིན་གྱིས་སེམས་མྱོས་པ་ཇི་ལྟར་གདུལ་དགོས་པ་བསྟན་ཡོད། གདགས་པར་བྱ་དགོས། "སེམས་ཀྱི་གླང་ཆེན་མ་དུལ་ཞིང་མྱོས་པ་ནི་གཅིག་ཏུ་བྱ་བར་ཁས་བླངས་པའི་ཆོས་ལ་སེམས་པའི་དམིགས་པའི་ཀ་ཆེན་ལ་ཇི་ལྟར་བཏགས་པ་མི་འཆོར་བར་དེ་ལྟར་འབད་པ་ཀུན་གྱིས་བརྟག་པར་བྱའོ། །"[]ཞེས་བསྟན། དགེ་བའི་དམིགས་པ། "སེམས་དགེ་བའི་དམིགས་པ་ལ་གདགས་པ་ནི། རང་གི་སེམས་ཆགས་སྡང་སོགས་ཀྱི་ཉོན་མོངས་པའི་གཞན་དབང་དུ་ཤོར་ནས་སྨྱོས་ཤིང་མ་དུལ་བ་གླང་ཆེན་མ་དུལ་ཞིང་མྱོས་པ་དང་འདྲ་བ་འདི་ནི་ཁས་བླངས་པའི་བསླབ་པ་སོགས་རང་གཞན་ལ་ཕན་པའི་ཐབས་སུ་གྱུར་པའི་དམ་པའི་ཆོས་དགེ་བ་ལ་རྩེ་གཅིག་ཏུ་ཉེ་བར་སེམས་པའི་ཀ་ཆེན་བརྟན་པོ་ལ་ཇི་ལྟར་བརྟགས་པ་དེ་ཉིད་ཕྱིན་ཅི་ལོག་པའི་ལམ་གཞན་དུ་མི་འཆོར་བར་དེ་ལྟར་འབད་པ་ཀུན་གྱིས་བརྟག་ཅིང་དཔྱད་ནས་དྲན་པས་བརྟན་པོར་བཟུང་བར་བྱས་ནས་རང་གི་སེམས་རང་གིས་དབང་དུ་བྱའོ། །"[]ཞེས་གསུངས་པ་ལྟར་དགེ་བའི་དམིགས་པ་ལ་སེམས་བཏགས་ན་མྱོས་པ་ལས་གྲོལ་ཐུབ་པར་འགྱུར་རོ། །

ཕན་ཡོན།

[རྩོམ་སྒྲིག]

སེམས་གདུལ་བའི་ཕན་ཡོན། "ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་དུ་བཏགས་ན་འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། དགེ་བ་ཐམས་ཅད་ལག་ཏུ་འོང་"[]ཞེས་གསུངས་པ་ལྟར་སེམས་མྱོས་པ་ལས་གྲོལ་ན་འཇིགས་པ་སྤོང་ཞིང་དགེ་བ་ཐམས་ཅད་སྒྲུབ་ཐུབ་པར་འགྱུར་རོ། །

བསྡུས་དོན།

[རྩོམ་སྒྲིག]

མྱོས་པ་ཞེས་པ་ནི་གཙོ་བོ་སེམས་ཉོན་མོངས་པའི་དབང་དུ་སོང་ནས་རང་དབང་མེད་པར་གྱུར་པའི་གནས་སྐབས་ལ་གོ་དགོས། འདི་ནི་གླང་ཆེན་ཆང་གིས་མྱོས་པའི་དཔེས་བསྟན་ཡོད། མྱོས་པའི་གནོད་པ་ནི་ངན་སོང་དུ་སྐྱེ་བར་འགྱུར་བ་ཡིན་ཞིང་། འདི་ལས་གྲོལ་བའི་ཐབས་ནི་དྲན་པ་དང་ཤེས་བཞིན་གྱིས་སེམས་དགེ་བའི་དམིགས་པ་ལ་བཏགས་ན་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་དགེ་བ་ཐམས་ཅད་ཀྱང་སྒྲུབ་ཐུབ་པར་འགྱུར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།