མྱ་ངན་འདས་
མྱ་ངན་འདས་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པའི་ནང་གི་གཙོ་འདོན་གྱི་ཆོས་རྣམས་ཀྱི་ནང་ནས་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་ལ། སེམས་ཅན་ཐམས་ཅད་ཀྱིས་ཐོབ་འདོད་པའི་མཐར་ཐུག་གི་དོན་གྱི་གནས་སྟངས་ཤིག་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]མྱ་ངན་འདས་ཞེས་པའི་སྒྲ་འདི་ནི་རྒྱ་ནག་སྐད་དུ་"涅槃"ཞེས་པ་དང་། དབྱིན་སྐད་དུ་"Nirvana"ཞེས་འདོགས་ཤིང་། ལེགས་སྦྱར་སྐད་དུ་"निर्वाण"ཞེས་པ་ལས་ཕྱུང་བ་ཞིག་ཡིན། སྒྲ་འདིའི་དོན་ལ་མྱ་ངན་ལས་འདས་པ་སམ་མྱ་ངན་གྱི་འདས་པ་ཞེས་པའི་དོན་ཡོད། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་སྤྱིར་གྲགས་ཆེ་བ་ཡིན།
ངེས་ཚིག
[རྩོམ་སྒྲིག]སྤྱིར་ངོས་འཛིན་བྱས་ན། མྱ་ངན་འདས་ཞེས་པ་ནི་ཉོན་མོངས་པ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ཞི་ནས་བདེ་བ་ཆེན་པོའི་གནས་སྟངས་ཤིག་ལ་གོ་དགོས། "རྒྱ་ཆེར་རོལ་པ་ལས་ཀྱང་། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །"[༡]ཞེས་གསུངས་པ་ལྟར། ཞི་བ་དམ་པའི་གོ་འཕང་དེ་ཉིད་ལ་རྟོགས་པར་འགྱུར་རོ། །
དབྱེ་བ།
[རྩོམ་སྒྲིག]རང་བཞིན་གྱི་མྱ་ངན་འདས། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གདོད་མ་ནས་རང་བཞིན་གྱིས་སྟོང་པ་སྟེ། "དགག་བྱ་དང་བཀག་པ་གཉིས་ཀ་རང་བཞིན་ཉིད་ཀྱིས་མི་སྐྱེ་སྟེ། དེ་ཡང་རང་བཞིན་གྱིས་མྱ་ངན་འདས་པར་བརྗོད་"[༢]ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་ནི་གདོད་མ་ནས་རང་བཞིན་གྱིས་མྱ་ངན་འདས་པ་ཡིན་ནོ། །
མི་གནས་པའི་མྱ་ངན་འདས། བྱང་ཆུབ་སེམས་འགྲེལ་དེ་ཉིད་ལས་"འཁོར་བ་མྱ་ངན་འདས་པ་ལ། །བདག་ཉིད་ཆེ་དེ་མི་གནས་པས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་པར་བཤད། །"[༣]ཞེས་གསུངས་པ་ལྟར། སྙིང་རྗེའི་སྟོབས་ཀྱིས་འཁོར་བ་ལ་ཡང་མི་གནས། མྱ་ངན་འདས་པ་ལ་ཡང་མི་གནས་པར་སེམས་ཅན་གྱི་དོན་དུ་མཛད་པ་ནི་སངས་རྒྱས་ཀྱི་ཁྱད་པར་ཡིན།
འདས་ལམ།
[རྩོམ་སྒྲིག]ཐེག་དམན་གྱི་ལམ། ཉན་ཐོས་དང་རང་རྒྱལ་གྱི་མྱ་ངན་འདས་ནི། བྱང་ཆུབ་སེམས་འགྲེལ་ལས། "ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གི །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །"[༤]ཞེས་གསུངས་པ་ལྟར། ཉན་རང་གཉིས་སངས་རྒྱས་ཀྱིས་མ་བསྐུལ་གྱི་བར་དུ་ཏིང་ངེ་འཛིན་གྱི་མྱོས་པ་ཞིག་ལ་གནས་ཀྱང་མཐར་ཐུག་གི་མྱ་ངན་འདས་མ་ཡིན་ནོ། །
ཐེག་ཆེན་གྱི་ལམ། རྒྱུད་བླ་མ་ལས། "དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །"[༥]ཞེས་གསུངས་པ་ལྟར། ཐེག་དམན་གྱི་ལམ་གྱིས་ནི་མཐར་ཐུག་གི་མྱ་ངན་འདས་ཐོབ་ཐབས་མེད་ལ། སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པས་གོ་འཕང་མཆོག་ཐོབ་ནུས་སོ། །
རྩོད་སྤོང་།
[རྩོམ་སྒྲིག]འཁོར་བ་དང་མྱ་ངན་འདས་གཉིས་སུ་མ་མེད། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། "འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། དེ་ནི་འཁོར་བའི་མཐའ་ཡིན་ཏེ། དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་དུ་ཕྲ་བའང་ཡོད་མ་ཡིན། །"[༦]ཞེས་གསུངས་པ་ལྟར། དོན་དམ་པའི་ངོས་ནས་འཁོར་བ་དང་མྱ་ངན་འདས་གཉིས་ལ་ཁྱད་པར་གང་ཡང་མེད་དོ། །
བསྡུས་དོན།
[རྩོམ་སྒྲིག]མྱ་ངན་འདས་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པའི་གཙོ་འདོན་ཞིག་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བའི་ཞི་བ་ཆེན་པོའི་གནས་སྟངས་ཤིག་ལ་གོ་དགོས། རང་བཞིན་གྱི་མྱ་ངན་འདས། མི་གནས་པའི་མྱ་ངན་འདས། མཚན་མ་མེད་པའི་མྱ་ངན་འདས་སོགས་དབྱེ་བ་སྣ་ཚོགས་ཡོད་ལ། ཐེག་དམན་གྱི་མྱ་ངན་འདས་ནི་མཐར་ཐུག་མ་ཡིན་པར། ཐེག་ཆེན་གྱི་མི་གནས་པའི་མྱ་ངན་འདས་ཐོབ་པར་བྱ་དགོས། འདི་ཐོབ་པར་བྱ་བ་ན་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་ལམ་ལ་བརྟེན་དགོས་ལ། དམིགས་པ་དང་སྟོང་ཉིད་མ་རྟོགས་པ་སོགས་ལམ་གྱི་སྒྲིབ་པ་རྣམས་སེལ་དགོས་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 9
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 314
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 95
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 568
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 568
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 275