Jump to content

མྱ་ངན་ཆེན་པོ་

ཡོང་ཁུངས་Wikipedia

མྱ་ངན་ཆེན་པོ་ཞེས་པ་ནི་སེམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་བའི་གནས་སྟངས་ཤིག་ལ་གོ །འདི་ནི་སྤྱི་ཡོངས་ནས་བཤད་ན་སེམས་ཅན་གྱིས་རང་གི་སྡིག་པའི་ལས་ལ་འགྱོད་པ་དང་། ད་ལྟའི་ལུས་ཀྱིས་ཕན་པ་མ་བྱས་པའི་སྐྱོ་བ། འབྱུང་འགྱུར་གྱི་སྡུག་བསྔལ་ལ་འཇིགས་པ་སོགས་ཀྱིས་སེམས་ཤིན་ཏུ་མྱ་ངན་གྱི་རྣམ་འགྱུར་ཅིག་ཡིན།

དམྱལ་བའི་སྡུག་བསྔལ་ལ་འཇིགས་པའི་མྱ་ངན།

[རྩོམ་སྒྲིག]

དམྱལ་བར་སྐྱེ་བའི་སྐབས་སུ་མྱ་ངན་ཆེན་པོ་འབྱུང་ཚུལ་ནི། "འགྱོད་པ་མི་བཟད་པ་མེ་རབ་ཏུ་འབར་བ་དང་འདྲ་བ་སྐྱེ་བས་སེམས་ལ་སྡུག་བསྔལ་གྱི་གདུང་བ་དྲག་པོ་བཟོད་པར་དཀའ་བ་མྱོང་བར་འགྱུར་བར་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་དོ། །"[]ཞེས་གསུངས་པ་ལྟར་ཚ་བས་བཟོད་དཀར་བའི་སྡུག་བསྔལ་ལ་མྱ་ངན་ཆེན་པོ་སྐྱེ་བ་ཡིན།

འཆི་བའི་དུས་སུ་སྐྱེ་བའི་མྱ་ངན།

[རྩོམ་སྒྲིག]

འཆི་བའི་དུས་སུ་མྱ་ངན་ཆེན་པོ་སྐྱེ་ཚུལ་ནི། "འཆི་བར་གྱུར་པའི་དུས་ཀྱི་ཚེ་འགྱོད་ཅིང་མྱ་ངན་ཆེན་པོ་ལྡང་བར་འགྱུར་ལ། ཤི་ནས་དམྱལ་བའི་མེ་བཟོད་པར་དཀའ་བས་ཡུན་རིང་དུ་བདག་གི་ལུས་བསྲེགས་པར་གྱུར་པ་ན། འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་སེམས་གདུང་བར་འགྱུར་བ་གདོན་མི་ཟའོ། །"[]ཞེས་གསུངས། འདིས་ནི་སྔར་དགེ་བ་མ་བྱས་པའི་འགྱོད་པས་སེམས་ལ་སྡུག་བསྔལ་འབྱུང་བ་དང་། ཕྱི་མར་དམྱལ་བར་ལྷུང་བར་ཤེས་པས་སེམས་ཤིན་ཏུ་མྱ་ངན་དུ་འགྱུར་བ་བསྟན།

དལ་འབྱོར་ཆུད་ཟོས་པའི་མྱ་ངན།

[རྩོམ་སྒྲིག]

དལ་འབྱོར་ཆུད་ཟོས་པའི་སྐབས་སུ་མྱ་ངན་ཆེན་པོ་སྐྱེ་ཚུལ་ནི། "ཤིན་ཏུ་རྙེད་དཀའ་ཞིང་ཕན་པ་སྒྲུབ་པར་ནུས་པའི་ས་དལ་འབྱོར་འདི་ཇི་ཞིག་ལྟར་སྟེས་རྙེད་པར་གྱུར་ནས་བདག་ཉིད་དགེ་སྡིག་སྐྱོན་ཡོན་ཤེས་པའི་བློ་དང་ལྡན་བཞིན་དུ་སྡིག་པ་བྱས་ཏེ་ཕྱིར་ཡང་རང་ཉིད་དམྱལ་བར་དེར་ཁྲིད་ན་"[]ཞེས་གསུངས་བ་ལྟར་འདི་ནི་དལ་འབྱོར་རྙེད་བཞིན་དུ་དགེ་བ་མ་བསྒྲུབ་པར་ཆུད་ཟོས་པའི་འགྱོད་པ་ཡིན།

གཤིན་རྗེའི་ཕོ་ཉས་བསྐུལ་བའི་མྱ་ངན།

[རྩོམ་སྒྲིག]

"སྔར་ནས་ཤི་བ་ན་དམྱལ་སོགས་སུ་ཡུན་རིང་དུ་སྡུག་བསྔལ་གྱིས་གདུང་བར་འགྱུར་རོ་སྙམ་པའི་མྱ་ངན་ལྡང་བཞིན་དུ་ཕྱིར་ཞིང་སྟེ་སླར་འཆི་ཀར་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ཁྱོད་སྔར་གསོན་ཚེ་དགེ་བ་མ་བསྒྲུབས་ཤིང་རྩིག་པའི་ལས་འདི་དང་འདི་བྱས་པས་ད་ངན་་འགྲོར་ལྟུང་བ་ཡིན་པས་དེར་འགྲོ་བར་མི་འདོད་ན་ཅིའི་ཕྱིར་ཁྱོད་ཀྱིས་དེ་འདྲའི་སྡིག་པའི་ལས་བྱས་"[]ཞེས་གསུངས། འདིས་ནི་འཆི་བའི་སྐབས་སུ་གཤིན་རྗེའི་ཕོ་ཉས་སྔར་གྱི་སྡིག་པའི་ལས་སྨྲས་པས་སེམས་ལ་མྱ་ངན་ཆེན་པོ་འབྱུང་བ་བསྟན་པ་ཡིན།

རང་བསླུས་པའི་མྱ་ངན།

[རྩོམ་སྒྲིག]

"མི་ལུས་ཐོབ་དུས་དགེ་བ་མ་བྱས་ན་རང་གི་རང་བསླུས་པར་བསྟན་པ་དང་། ཕྱི་དུས་སུ་འགྱོད་པ་དང་། དམྱལ་བར་སྐྱེས་པའི་ཚེ་འགྱོད་པ་དང་། ལས་འབྲས་གོ་བཞིན་དུ་རང་གིས་རང་དམྱལ་བར་ཁྲིད་ན་"[]ཞེས་དལ་འབྱོར་ཐོབ་བཞིན་དུ་དགེ་བའི་ལས་མ་བྱས་ན་རང་གིས་རང་བསླུས་པ་དང་མཚུངས་ཞིང་། ཤིན་ཏུ་རྨོངས་པ་ཞིག་ཏུ་འགྱུར་རོ་ཞེས་པའི་དོན་ཏེ། དེ་ལ་འགྱོད་པ་ཆེན་པོ་སྐྱེ་བ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

མྱ་ངན་ཆེན་པོ། ཞེས་པ་ནི་སེམས་ཅན་གྱིས་སྡིག་པའི་ལས་ཀྱི་འབྲས་བུ་དམྱལ་བ་སོགས་སུ་སྐྱེ་བར་ཤེས་པའམ། དལ་འབྱོར་གྱི་ལུས་ཐོབ་ཀྱང་དགེ་བ་མ་བྱས་པར་ཆུད་ཟོས་པའི་སྐབས་སུ། འཆི་བའི་དུས་སམ་དམྱལ་བར་སྐྱེས་པའི་སྐབས་སུ་འབྱུང་བའི་འགྱོད་པ་དང་སེམས་སྐྱོ་བ་ཤིན་ཏུ་ཆེ་བ་ཞིག་ལ་ཟེར། འདིས་སེམས་ཅན་རྣམས་ལ་དགེ་བའི་ལས་ལ་སྤྲོ་བ་བསྐྱེད་པ་དང་། སྡིག་པ་སྤང་བར་བྱ་བའི་གལ་ཆེ་བ་སྟོན་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༢༡༧
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༥༦
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༥༦
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༣༡༠
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༣༣༨-༣༣༩