མོས་པ་
མོས་པ་ཞེས་པ་ནི་སྤྱི་ཡོངས་སུ་དགེ་བའི་ཆོས་ལ་ཡིད་ཆེས་དང་བཅས་པའི་འདུན་པ་སྐྱེད་པ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྟན་པོའི་འདུན་པ་སྐྱེད་པའི་སེམས་ཀྱི་རྣམ་པ་ཞིག་ཡིན།
ནང་དོན།
[རྩོམ་སྒྲིག]"མོས་པ་ཞེས་པ་ཐམས་ཅད་འདུན་པར་ཤེས་པར་བྱའོ། །འདིར་ཡང་དགེ་བ་ལ་འདུན་པ་དང་། དེ་བརྩམས་པ་ལས་མི་ལྡོག་པའི་བརྟན་པ་དང་། དེ་ལས་ལྷག་པར་དགའ་བ་དང་། དོར་ན་དགོས་པ་ཆེ་བའི་སྐབས་སུ་དོར་བ་རྣམས་ཡིན་ལ།"[༡] ཞེས་གསལ་བཤད་འདུག བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ཆེད་དུ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་འཇོམས་པར་བྱ་བའི་ཕྱིར། "བརྩོན་འགྲུས་ཀྱི་མཐུན་རྐྱེན་"[༢]དང་པོར་མོས་པའི་སྟོབས་བསྐྱེད་དགོས་ཞེས་འཆད།
སྒྲ་བཤད།
[རྩོམ་སྒྲིག]མོས་པའི་སྒྲ་བཤད་ལ། "མོས་པའི་དང་བརྟན་པའི་དང་དགའ་བའི་དང་དོར་བ་ཡི་དཔུང་དང་བཞི་ཡིན་ལ། དེ་དག་རྩ་བ་མོས་པ་ལ་བརྟེན་ནས་འབྱུང་ལ་མོས་པ་དེ་གང་ལས་འབྱུང་ན་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱི་རྣམ་གྲངས་ལ་འཇིགས་ཤིང་སྐྲག་པ་དང་དེ་ལས་ཐར་པའི་ཕན་ཡོན་ནམ་མོས་པ་དེ་ཡི་ཕན་ཡོན་ལ་ཡང་དང་ཡང་དུ་བསམ་ཞིང་བསྒོམ་པས་བསྐྱེད་པར་བྱ་དགོས་སོ། །"[༣]ཞེས་བཤད།
བསྐྱེད་ཚུལ།
[རྩོམ་སྒྲིག]མོས་པ་བསྐྱེད་ཚུལ་ལ། "དེ་ཡང་མོས་པ་ནི་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་འཇིགས་པ་དེ་དང་མོས་པ་དེའི་ཕན་ཡོན་བསམས་པས་བསྐྱེད་དོ། །"[༤]ཞེས་བཤད། མཚན་ཉིད་ཕྱེ་བ་ནི། "མོས་པའི་སྟོབས་ནི་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། མོས་པ་དེའི་ཕན་ཡོན་བསམ་པས་བསྐྱེད་པར་བྱའོ། །"[༥]ཞེས་གསལ་བཤད་འདུག
གལ་ཆེ་བ།
[རྩོམ་སྒྲིག]མོས་པའི་གལ་ཆེ་བ་ནི། "བདག་ནི་སྔོན་གྱི་ཚེ་རབས་གཞན་དང་ད་ལྟར་གྱི་སྐྱེ་བ་འདི་ལ་ཡང་དགེ་བའི་ཆོས་ལ་མོས་པ་སྟེ་དོན་གཉེར་གྱི་འདུན་པ་དང་བྲལ་བའི་ཉེས་པ་ཡིས་དགེ་བའི་ཆོས་ཀྱི་འབྱོར་བ་ཐམས་ཅད་དང་བྲལ་ཞིང་སྲིད་པའི་རྒུད་པ་ཐམས་ཅད་ཀྱིས་ཟིན་ཏེ་བདེ་བས་ཕོངས་ཤིང་ཉམ་ཐག་པ་འདི་འདྲ་བྱུང་བར་གྱུར་པ་ཡིན།"[༦] ཞེས་བཤད། དེས་ན། "བློ་གྲོས་དང་ལྡན་པའི་མཁས་པ་སུ་ཞིག་ཆོས་ལ་མོས་པའམ་དོན་གཉེར་གྱི་འདུན་པ་གཏོང་ཞིང་འདོར་ཏེ་འདོར་བ་མི་རིགས་པས་ཕོངས་ཤིང་རྒུད་པ་ལས་ཐར་བར་འདོད་པ་རྣམས་ཀྱིས་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པ་བསྐྱེད་པར་བྱའོ། །"[༧]ཞེས་འཆད།
རྩ་བ་ཉིད།
[རྩོམ་སྒྲིག]མོས་པའི་རྩ་བ་ཉིད་ནི། "དེ་ལྟར་ཕོངས་རྒུད་སེལ་བ་ཙམ་དུ་མ་ཟད་རྣམ་དཀར་དགེ་བའི་ཆོས་ཀྱི་ཕྱོགས་ནི་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་ནི་མོས་པ་སྟེ་འདུན་པ་ཉིད་ཡིན།"[༨]ཞེས་བཤད། རྒྱལ་ཚབ་རིན་པོ་ཆེས། "དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་དགེ་བའི་ཆོས་ཇི་ལྟར་ངེས་པ་ལྟར་ཡིད་ཆེས་པའི་མོས་པ་ཐུབ་པས་གསུངས་པས་སོ། །"[༩] ཞེས་གསུངས།
སེམས་ཅན་མོས་པ་ཐ་དད།
[རྩོམ་སྒྲིག]སེམས་ཅན་གྱི་མོས་པ་ཐ་དད་པ་ནི། "སེམས་ཅན་རྣམས་ནི་ཁམས་དང་དབང་པོ་བསམ་པ་དང་མོས་པའི་ཁྱད་པར་ཐ་དད་པ་སྣ་ཚོགས་པ་ཅན་ལགས་པས་ཐབས་མཁས་ཀྱི་མཛད་པ་དུ་མའི་སྒོ་ནས་འགྲོ་བའི་དོན་མཛད།"[༡༠]ཅེས་བཤད། དེས་ན་སངས་རྒྱས་དང་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་། "སེམས་ཅན་མོས་པ་སྣ་ཚོགས་པ་མགུ་བར་མི་ནུས་ཏེ་འཕྲིན་ལས་སྣ་ཚོགས་ཀྱིས་དོན་མཛད་པ་རྒྱལ་བས་ཀྱང་ནི་མི་མགུ་ན་བསམ་པ་མི་ཤེས་པའི་བདག་འདྲ་བའི་ངན་པས་མགུ་མི་ནུས་པ་སྨོས་ཅི་དགོས།"[༡༡] ཞེས་གསལ་བཤད་འདུག
བསྡུས་དོན།
[རྩོམ་སྒྲིག]མོས་པ་ཞེས་པ་ནི་དམ་པའི་ཆོས་ལ་ཡིད་ཆེས་དང་བཅས་པའི་འདུན་པ་སྐྱེད་པ་ཡིན། འདི་ནི་བརྩོན་འགྲུས་ཀྱི་སྟོབས་བཞི་གའི་གཞི་རྩ་དང་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། སྡུག་བསྔལ་གྱི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ལ་བསམ་གཏན་བྱས་ཏེ་བསྐྱེད་དགོས། སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་པ་ཡོད་པས་སངས་རྒྱས་ཀྱིས་ཀྱང་ཐམས་ཅད་མགུ་བར་མི་ནུས་ཚུལ་བསྟན་ནས་དབེན་པ་ལ་བསྟེན་དགོས་པའི་ཆེད་འདེབས་ཀྱང་བྱས་ཡོད།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།