མོན་ཁུལ་འགོ་འཛིན་རྟ་དབང་བླ་གཉེར།
མོན་ཁུལ་འགོ་འཛིན་རྟ་དབང་བླ་གཉེར།
[རྩོམ་སྒྲིག]དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་མོན་ཁུལ་གྱི་འགོ་འཛིན་གྱི་དཔོན་གནས་ཤིག་སྟེ། མོན་ཡུལ་ནི་སྔར་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཁོངས་བསྙོན་མེད་ཐོག་རྒྱ་བཟའ་ཀོང་ཇོས་བོད་ཀྱི་ས་བཀྲ་རྩིས་སྐབས་མཐའ་འདུལ་གཙུག་ལག་ཁང་གི་ཡ་གྱལ་ལེགས་པོ་ས་གནས་སུ་རུ་གནོན་ལྷ་ཁང་བརྩིགས་ཤིང་། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་ཕན་ལ་མོན་ཤ་འུག་སྟག་སྒོ་ཞེས་པའི་ལྷ་ཁང་དེར་ལོ་ལྟར་བོད་ས་གནས་སྲིད་གཞུང་ནས་མཐའ་འདུལ་ཡང་འདུལ་ལྷ་ཁང་སྤྱི་དང་འདྲ་བའི་མཆོད་སྤྲིན་སྤྲོ་མུས་སོགས་ཀྱི་ཡུན་རིང་ལོ་རྒྱུས་ཡོད་པ་དང་། རབ་བྱང་བཅུ་གཅིག་པའི་ལྕགས་སྤྲེལ་༡༦༨༠ལོ་ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་ཞལ་སློབ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་། མཚོ་སྣ་ལྡིང་ནམ་མཁའ་འབྲུག་གྲགས་གཉིས་མོན་ཡུལ་དུ་གཏོང་གནང་གིས་ཆོས་དང་སྲིད་ཀྱི་སྒོ་ནས་སྔར་གྱི་ལོ་རྒྱུས་འཆད། རིམ་བཞིན་རྟ་དབང་དགའ་ལྡན་རྣམ་རྒྱལ་གླིང་དགོན་བཏབ། མེ་རག་བླ་མས་སྐུ་ཚེའི་རིང་དགོན་གྱི་བླ་མ་དང་ཡུལ་སྡེའི་འཚོ་ཚིས་མཛད། དེའི་རྗེས་ཐོགས་སུ་རིམ་བཞིན་རྟ་དབང་བླ་གཉེར་ཞེས་གནས་ལྔ་པའི་རྩེ་དྲུང་རེ་བསྐོ་བཞག་གིས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་གཙོས་མོན་ཁུལ་ལྷ་མིའི་སྡེ་དགོན་ཚང་མའི་ཁྲལ་བསྡུ་ཁྲིམས་གནོན་དང་། ས་མཚམས་སྐོར་སོགས་དམིགས་བསལ་གལ་ཆེའི་རིགས་གཞུང་གནས་ལ་དགོངས་སྐོར་ཞུ་དགོས་པ་དང་། དེ་བྱིངས་རྟ་དབང་བླ་གཉེར་དང་། མཚོ་སྣ་རྫོང་སྦྲེལ། དགོན་པའི་ལས་སྣེ། འཚོ་ཤོག་ཁག་གི་ལྡིང་དང་། འགོ་རྒན་བཅས་སྔར་ལམ་བཞི་སྦྲེལ་ལམ། དྲུག་སྦྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་པ་ལས། རྟ་གཉེར་གཅིག་པུས་ཐག་གཅོད་བྱེད་དབང་མེད། སྤྱིར་བཏང་མོན་ཁུལ་འདི་བཞིན་ས་རྒྱ་ཧ་ཅང་ཆེ་ལ་གདོད་མའི་ནགས་ཚལ་གྱི་གསེབ་ཏུ་རྩ་ཆེའི་གཅན་གཟན་དང་བྱ། རི་དྭགས་ཆེ་ཆུང་སྣ་ཚོགས་ཀྱིས་ཁེངས་པ། རྩ་སྨན། ཤིང་སྨན། རྡོ་སྨན། ཤིང་འབྲས་སྣ་ཚོགས། གླ་རྩི། དོམ་མཁྲིས། ཁྲག་རྭ་སོགས་རྩ་ཆེའི་སྨན་རིགས། བཙོད་དང་། གླ་རྫབ། ཤུག་རྫབ། བེ་རྫབ་ལ་སོགས་པའི་རྩ་ཆེའི་ཤིང་རིགས་སོགས་རང་བྱུང་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། །