མོང་བཟའ་ཁྲི་ལྕམ།
མོང་བཟའ་ཁྲི་ལྕམ།
[རྩོམ་སྒྲིག]བཙན་པོ་སྲོང་བཙན་སྒམ་པོའི་རིགས་མཐུན་བཙུན་མོ་གསུམ་གྱི་ཡ་གྱལ་ཡིན་ལ་མཆོག་གྱུར་བཙུན་མོ་གསུམ་གྱི་ཡ་གྱལ་ཡིན་པའི་མོང་བཟའ་ཁྲི་ལྕམ་ནི་བཙན་པོ་སྲོང་བཙན་གྱི་བཙུན་མོའི་ནང་ནས་སྲས་འཁྲུངས་པ་གཅིག་པོ་དེ་ཡིན། མོང་བཟའ་ཁྲི་ལྕམ་གྱི་འཁྲུངས་ཡུལ་སྟོད་ལུང་ཕུ་མོང་སྟོད་མཁའ་རག་མདོ་ཞེས་པའི་འབྲོག་སྡེ་དེ་ཡིན་པ་དང་དེ་གར་སྐབས་དེའི་ལྷས་རྭ་ཞིག་ཤྱང་ཡོད་འདུག ད་ལྟ་ཕོ་བྲང་པོ་ཏ་ལའི་ཆོས་རྒྱལ་སྒྲུབ་ཕུག་ནང་ཡོད་པའི་མོང་བཟའ་ཁྲི་ལྕམ་གྱི་ཆས་གོས་དང་རྒྱན་ཆ་སོགས་འབྲོག་མོའི་ཆ་ལུགས་སུ་ཡོད་པ་དང་སྲོང་བཙན་གྱི་སྲས་གུང་རི་གུང་བཙན་བྱིས་པའི་རྣམ་པར་པང་དུ་བཞེས་པའི་སྐུ་བརྙན་འཇལ་རྒྱུ་ཡོད། སྲོང་བཙན་གྱི་བཙུན་མོ་སོ་སོའི་རྟེན་སྐལ་གཙུག་ལག་ཁང་རེ་རེ་བཞེངས་ཡོད་པ་ལྟར་མོང་བཟའ་ཁྲི་ལྕམ་ཡུམ་སྲས་ཀྱི་རྟེན་སྐལ་དུ་ཡེར་པར་གཙུག་ལག་ཁང་བཞེངས་ཞེས་པ་དེ་མ་ཎི་ལྷ་ཁང་ཡིན་སྐད་འདུག་པ་དེའི་ནང་ཕ་བོང་ཞིག་ལ་རྡོ་དཀར་གོང་གི་མ་ཎི་ཡིག་དྲུག་འབུར་ཐོན་གྱི་རང་བྱོན་དང་། སྲོང་བཙན། རྒྱ་བཟའ། བལ་བཟའ་སོགས་ཀྱི་སྐུ་བརྙན་བཅས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་མང་པོ་ཞིག་གི་ནང་བཙུན་མོ་འདི་ཆུང་ཤོས་ཡིན་པ་དང་། དེའི་གོང་གི་བཙུན་མོ་བཞི་ལ་སྲས་མ་བྱུང་སྟབས་མོང་བཟའ་ཁྲི་ལྕམ་བཙུན་མོར་བླངས་ཏེ་དེ་ལ་སྲས་གུང་རི་གུང་བཙན་འཁྲུངས་པ་དང་། དེ་ཡང་ཡབ་སྲོང་བཙན་སྒམ་པོའི་གོང་དུ་འདས་པ་སོགས་བཤད། 《བཀའ་ཆེམས་ཀ་ཁོལ་མ་》ལས་བཙུན་མོ་དང་པོ་མོང་བཟའ། གཉིས་པ་ཞང་ཞུང་བཟའ། གསུམ་པ་མི་ཉག་བཟའ། བཞི་པ་རུ་ཡོང་བཟའ། ལྔ་པ་བལ་བཟའ། དྲུག་པ་རྒྱ་བཟའ་བཅས་ཡིན་པར་བཤད་པ་འདི་ལ་རྒྱུ་མཚན་ཆེན་པོ་ཡོད་དེ་ཐོག་མར་རང་རིགས་ཀྱི་བུ་མོའི་ནང་ནས་བཙུན་མོར་བླངས་པ་ནི་མོང་བཟའ་ཡིན་པ་དང་། དེ་ལ་སྲས་གུང་རི་གུང་བཙན་འཁྲུངས་པ་མེས་པོ་སྲོང་བཙན་སྒམ་པོ་འདས་དུས་མང་སྲོང་ལོ་གཅིག་ལས་མ་ལོན་ཀྱང་ལོ་གསུམ་རིང་གསང་བ་བྱས་ཏེ་མང་སྲོང་དགུང་ལོ་གསུམ་ལ་སླེབས་པའི་ལོ་དེར་མེས་པོ་སྲོང་བཙན་སྒམ་པོའི་འདས་མཆོད་བཏང་བ་སོགས་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་ཞིག་འཆད་དགོས་པས་འདིར་ས་བོན་ཙམ་ལས་མ་བྲིས་སོ། །