མོ་འདེབས་ཀྱི་རིག་གནས་

ཡོང་ཁུངས་Wikipedia

སྤྱིར་བཏང་མོ་ཞེས་པ་ནི་ལེགས་ཉེས་ཤན་འབྱེད་བྱེད་ཀྱི་བརྟག་པའི་རིག་པ་ཞིག་ལ་ཟེར་ཞིང་། མོ་ཡི་རིག་གནས་འདི་ནི་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་དར་བའི་དཔྱད་ཐབས་ཤིག་ཡིན་པ་དང་། དེ་ནས་རིམ་བཞིན་ད་ལྟ་བར་གནས་པར་སེམས།


ཇུ་ཐིག་མོ།

དང་པོ་ཇུ་ཐིག་མོ་ནི། གཤེན་རབ་མི་བོ་ཆེ་ལ་སྐལ་ལྡན་ཕྱྭ་གཤེན་ལེགས་རྒྱལ་སོགས་ལ་བསྟན་པར་གྲགས་པ། ཇུ་ཐིག་གམ་ཐག་པའི་མདུད་པ་ལ་བརྟེན་ནས་བརྟག་པའི་ཐིག་མོ། ཐག་པ་ནི་ར་དཀར་པོའི་ཨོག་ཚོམ། དྲེད་མོང་གི་སྣ་སྤུ། རི་སྤྱང་གི་རྔ་ཉག འབྲོང་གི་རྩིད་པ། སྟག་གཟིག་གི་སྤུ། རྒོད་ཐང་དཀར་གྱི་ལྟག་སྤུ། རྔ་མོང་གི་དཔུང་རྩིད། རྟ་མཆོག་གི་རྔོག་མ། སྤྱང་ཀིས་གསད་པའི་ལུག་གི་སོག་བལ་བཅུ་གསུམ་བཅས་བསྲེས་ཏེ། བུ་མོ་ཕ་མ་གཉིས་ཀ་འཛོམས་པ་གསུམ་གྱིས་བཀལ་བ། སྦོམ་ན་བྱ་རྒོད་ཀྱི་སུག་པ་ཙམ་དང་། ཕྲ་ན་ཨབ་ཐང་གི་རྒྱུ་མ་ཙམ་དགོས། དེར་དངུལ་དཀར་མེ་ལོང་བཏགས་དང་། གཞན་རིན་ཆེན་སྣ་ཚོགས་གདགས། ཇུ་ཐིག་ཤར་བ་སྐྱ་དྲུག་ཏུ་གྲགས་པའི་ཐིག་གུ་རིང་ཐུང་དྲུག་ཡོད་པ་ལ་མདུད་པ་མདུད་ཚུལ་བརྟག་སྟེ་ལེགས་པར་དཔྱད་ཚུལ་ཡོད་དེ། <<ཞང་བོད་ལོ་རྒྱུས་ཏི་སེའི་འོད་>>ལས། ཇུ་ཐིག་མོ་རྒྱག་ཚུལ་ནི་ཇུ་ཐིག་ཤར་བ་སྐྱ་དྲུག་ཅེས་སུ་གྲགས་པ་ལྟར། ཇུ་ཐིག་གི་མོ་ཆས་སུ་ཐིག་གུ་རིང་ཐུང་དྲུག་ཡོད་པ་དེ་རྣམས་ཀྱི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བའི་མདུད་པའི་རྣམ་པ་མི་འདྲ་བ་བཞི་འབྱུང་ཞིང་ལྷག་མ་རྣམས་མོ་མའི་ཕྱག་གཉིས་ཀྱིས་ཐིག་གུ་ཟུང་རེ་དམ་དུ་བཟུང་སྟེ། ཐད་ཀར་ཁ་ཕྱེས་པ་ན་མདུད་པའི་རྣམ་པ་མི་འདྲ་བ་ཅི་རིགས་ཤིག་འབྱུང་སྲིད་པ་དེ་དག་ལ་བརྟག་དགོས་པ་དེ་ཡིན་ཞེས་གསུངས། གཞན་མདུད་པ་སུམ་བརྒྱ་དྲུག་བཅུ་སོགས་ཡོད་པར་སྣང་གསལ་སྒྲོན་མེ་ལས་གསུངས། ཇུ་ཐིག་གི་གཞུང་སྒྱུ་མ་གསེར་འབུམ། གཏེར་མོ་རིག་པའི་ཁོང་བསྡོང་།ཇུ་ཐིག་སྲིད་པའི་རྒྱུད་འབུམ། མ་སང་ཐི་གུ་རང་སྨྲ་སོགས་མཆིས།

___

རྡེའུ་དཀར་པོ་ཞེ་གཉིས་ལ་བརྟེན་པའི་འཕྲུལ་མོ་ནི། སྟོན་པ་སྨྲ་བའི་སེང་གེས་གསུངས་བར་གྲགས་ཤིང་། <<ཏི་སེའི་འོད་>>ལས། རྡེའུ་འཕྲུལ་གྱི་མོའི་ལོ་རྒྱུས་སུ་སྔོན་དུས་ཕྱྭ་ལེགས་རྒྱལ་རྫུ་འཕྲུལ་ཅན་གྱི་སྟོན་པ་སྨྲ་བའི་སེང་གེ་ལ་ཞུས་པའི་ངོར་བསྟན་པའི་རྣོ་མཐོང་མོའི་བྱེ་བྲག་ཅིག་ཡིན་པར་བཤད་ཡོད་ལ། མོ་འདིའི་དཔྱད་དུའང་སྐྱེས་བུའི་འབྱུང་ཁམས་ཀྱི་གནས་ལུགས་དེ་དང་ཡུལ་གྱི་འབྱུང་བའི་ཁམས་ཕན་ཚུན་འབྲེལ་བ་བཅས་པར་ཞིབ་འཇུག་གི་སྒོ་ལེགས་ཉེས་གཏན་དགོས་པ་སྟེ། དེ་ནི་ཐོག་མར་བོན་རྣལ་མའི་བསམ་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། རྣོ་མཐོང་གི་ལུགས་འདིར་རྙིང་མའི་རང་གཤིས་ཁྱད་པར་ཅན་ཞིག་ཡོད་པའང་ཤེས་ཐུབ་བཅས་གསུངས། ཤོག་བུའི་ངོས་སུ་རེའུ་མིག་དགུ་བཀོད་ནས་ཤེལ་རྡེལ་ཞེ་གཉིས་པོ་ཁག་གསུམ་བགོས་ནས་དཔྱད་ཚུལ་སོགས་ཡོད།

___

སོག་མོ་ནི། ལུག་གི་སོག་རུས་སྐམ་པོ་མཐིལ་མེའི་ཚ་དྲོད་ཀྱིས་བསྲེག་ཅིང་འགས་པ་དེའི་རྣམ་པ་དང་རི་མོ་ལ་བརྟག་པའི་སོག་མོ་བྱ་བ་བྱུང་ཞིང་། གཡང་མོ་ལུག་གི་སོག་པ་ལ་མཐོང་རྟ་ལྟ་བ་ཞིག་བྱུང་ནས། མོ་བཏབ་པས། དཀར་དམར་གྱི་ཐིག་ལེ་དགུ་འདུག་སྟེ། མོ་མས་ཀྱང་དཔྱད་པས། ཕུང་གསུམ་གྱོད་ཀྱི་རོ་དགུ་འབྱུང་ཞེས་སྟོན་པ་གཤེན་རབ་ཀྱི་སྐུ་དུས་མོ་མ་འགས་བེད་སྤྱོད་བྱས་པར་གྲགས། ཕྲེང་མོ་ནི། ཕྲེང་རྡོག་ལ་རྩི་ནས་མོ་བྱ་ཚུལ་ཞིག་ཡིན། ཤོ་མོ་ནི། ཤོ་ཡི་རེའུ་མིག་ལ་བརྟེན་ནས་བརྟག་པའི་ཤོ་མོ་ཞེས་གྲགས་ཤིང་ཕྲེང་མོ་དང་ཤོ་མོ་གཉིས་བན་བོན་གཉིས་ཀྱིས་མོ་ཡིག་ལ་བལྟས་ནས་མོ་བཏབ་སྲོལ་ཞིག་ཡོད། བརྡ་མོ། འདི་ཉིད་ནི་ཆེས་སྔ་དུས་སུ་ཞང་ཞུང་ནས་དར་སྲོལ་བྱུང་སྐད། ཕྱིས་སུ་གཏེར་སྟོན་མི་འགྱུར་རྡོ་རྗེ་ལ་དམ་ཅན་མགར་བ་དམར་པོའི་ལུང་བསྟན་པ་བརྡ་མོ་ཤོག་ཁྲ་ཞེས་པ་བྱུང་ཡོད། བྱ་མོ་ནི། བྱ་གསད་ནས་དེའི་ཁོག་ནང་དུ་རྡེའུ་སོགས་རྩི་སྲོལ་ཡོད། གཞན་ཡང་ར་ལུག་གི་ཐེ་གེའི་མོ་དང་། ར་ལུག་གི་རིལ་མའི་མོ་སོགས་བྱ་སྲོལ་ཡོད། དེ་བཞིན་གནའ་རབས་བྷ་པུ་ལེང་དུ་མཆིན་མོ་ཟེར་བ་སྲོག་ཆགས་ཀྱི་མཆིན་པ་ལ་བརྟེན་ནས་ལེགས་ཉེས་དང་བཟང་ངན་བརྟག་པའི་མོ་བཏབ་པ་ལ་མཆིན་མོ་ཞེས་གྲགས། ས་འདམ་གྱིས་བཟོས་པའི་མཆིན་པའི་དབྱིབས་ལ་བརྡ་བརྟག་སྲོལ་ཡང་ཡོད་སྐད་མཆིས།

___

བོད་ཡུལ་དུ་སྤྱིར་མོ་བཏབ་མཁན་ནི་ཕོ་མོའི་དབྱེ་བ་དང་སྐྱ་སེར་སོགས་གང་ཡང་མེད་ཀྱང་། ཕྱིས་སུ་བན་བོན་གཉིས་ཀྱི་ཕྱོགས་ནས་བླ་སྤྲུལ་སོགས་གང་མང་བྱུང་ཡོད། དོན་ངོ་མ་མོ་བཏབ་པ་ནི། སྟོན་པ་ཤཱཀྱ་ཐུབ་པའི་རིང་ལུགས་ནི་མ་ཡིན་པར་སྣང་སྟེ། <<མདའ་དང་འཕང་>>ལས། སྟོན་པ་ཤཱཀྱ་ཐུབ་པ་ནི་ཕྱྭ་དང་གནམ་རིག་སྐར་རྩིས་སྨྲ་བའི་གང་ཟག་ཅིག་ཏུ་བཞེངས་ཡོད་པ་ནི་ཆོས་པ་ཞིག་གི་ངོས་ནས་བཤད་ན་མི་འཐད་པ་ལས་འོས་མེད་ཅེས་བཤད། སྤྱིར་བྱ་བ་ཕྲན་ཚིག་ལ་མོ་བཏབ་པ་ལ་མི་འགྲིག་པ་མེད་ཀྱང་། མི་ཚེའི་དོན་ཆེན་འགའ་དང་འགའ་ལ་མོ་བཏབ་ནས་དེ་ལ་བློ་གཅིག་སེམས་གཅིག་ཡིད་ཆེས་བྱ་བ་ནི་གླེན་པ་ཞིག་གི་བྱ་བ་ལས་ཅི་ཡང་མ་མཆིས།

___

སྤྱིའི་དངོས་ལ་བཤད་པ་ཡིན་ན། མོ་བཏབ་པ་ནི་མ་མོ་མ་ཁོ་རང་གིས་དགོས་འཁོ་ཁོ་ན་ལས་ཅི་ཡང་མེད་དེ། རྒྱལ་སྲས་ནོར་བཟང་གི་གཏམ་རྒྱུད་ལས། ཡིད་འཕྲོག་མ་གཞོན་ནུ་ནོར་བཟང་གི་ཆུང་མ་བྱས་ཚེ། བཙུན་མོ་གཞན་རྣམས་ཀྱི་ཕྲག་དོག་དབང་གིས་སྔགས་པ་ཧ་རི་ལ་རྔན་པ་སྟེར་ནས། ཡིད་འཕྲོག་མ་མེད་པ་བྱ་བས་ཐབས་ཤེས་ཞུས་ཞིང་། ཧ་རིས་རྒྱལ་པོ་ནོར་ཆེན་ལ་མོ་བཏབ་ནས་ནོར་བཟང་བྱང་དགྲ་འདུལ་དུ་འགྲོ་དགོས་པ་དང་། དྲི་ཟའི་བུ་མོའི་སྙིང་ཚིལ་དང་བཅས་པའི་སྐུ་རིམ་བྱ་དགོས་ཚུལ་བཤད་ཀྱང་། དོན་ངོ་མ་སྔགས་པ་ཁོ་རང་ལ་རྒྱུ་ནོར་ཐོབ་པའི་ཆེད་དང་བཙུན་མོ་གཞན་གྱི་བསམ་དོན་འགྲུབ་ནས་ཡིད་འཕྲོག་མ་བསོད་རྒྱུ་ཁོ་ན་མོ་བབས་པ་ཡིན། མཐར་བློ་ཡུལ་ལས་འདས་པ་ཞིག་ལ་ནོར་བཟང་གིས་མོ་མ་ཧ་རི་ནག་པོ་རྫུན་རྐུབ་བརྟོལ་ཏེ། རྒྱལ་པོ་ནོར་ཆེན་གྱིས་བཀའ་ལས་སྔགས་པ་ཧ་རིའི་ཚེ་སྲོག་ཤོར་བ་སོགས་ལས་རྟོགས་སླའོ། །