Jump to content

མོ་གཤམ།

ཡོང་ཁུངས་Wikipedia
མོ་གཤམ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

མོ་གཤམ་ཞེས་པ་ནི་ཕྲུ་གུ་བཙའ་བའི་ནུས་པ་མེད་པའམ་མངལ་སྦྲུམ་རྒྱུ་མེད་པའི་མོ་རིགས་སྤྱིའི་མིང་ངོ་། །དཔེར་ན། མངལ་སྦྲུམ་མི་ནུས་པའི་བུད་མེད་དང་། དྲེལ་མོ་ལྟ་བུའོ། །སྤྱོད་འཇུག་གི་སྐབས་འདིར་མོ་གཤམ་གྱི་བུ་ཞེས་པ་ནི་གཏན་ནས་མི་སྲིད་པའི་དངོས་པོའི་དཔེ་མཚོན་དུ་བེད་སྤྱོད་བྱེད་ཀྱིན་ཡོད། གཞན་ཡང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་སུ་ཡི་གེའི་རྟགས་ཀྱི་རྣམ་གཞག་དབྱེ་བའི་སྐབས་སུ་ར་ལ་ཧ་བཅས་གསུམ་ལ་མོ་གཤམ་ཞེས་བརྗོད་ཀྱང་དེ་ནི་སྒྲ་གདངས་དྲག་ཞན་གྱི་སྒོ་ནས་ཡིན་པ་བཅས་སྐབས་དང་སྐབས་སུ་དོན་མི་འདྲ་བའི་གནད་ཤེས་རྒྱུ་ཡང་གལ་ཆེའོ། །

སྒྲ་བཤད།

[རྩོམ་སྒྲིག]

མོ་གཤམ་ཞེས་པའི་ཚིག་འདི་ལ་མོ་ཞེས་པ་ནི་བུད་མེད་ལ་གོ་ལ། གཤམ་ཞེས་པ་ནི་ཤ་མེད་པའམ་སྐམ་པོ་ལ་གོ་བས། འདིར་མོ་གཤམ་ཞེས་པ་ནི་སྐྱེ་རུང་མེད་པའི་བུད་མེད་ཅིག་ལ་ཟེར། འདིའི་བུ་ནི་ནམ་ཡང་མི་སྐྱེ་བས་ན་མོ་གཤམ་གྱི་བུ་ཞེས་པ་ནི་ལོགས་སུ་མི་སྲིད་པའི་དངོས་པོའི་དཔེ་མཚོན་ཡིན་ནོ། །

ཆོས་ལུགས་ཀྱི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

དབུ་མ་པའི་ལྟ་བའི་ནང་དུ་བེད་སྤྱོད། དབུ་མ་པའི་ལུགས་སུ་མོ་གཤམ་ཞེས་པའི་དཔེ་འདི་མེད་པའི་རང་བཞིན་ལ་གཏན་ནས་མི་སྲིད་པའི་དངོས་པོ་སྟོན་པར་བེད་སྤྱོད་བྱེད། "མོ་གཤམ་གྱི་བུ་སྐྱེ་བ་མེད་ན་དེ་ཤི་བའང་མི་དམིགས་པ་བཞིན་ནོ། །"[༡]ཞེས་གསུངས་པ་ལྟར། མ་སྐྱེས་པ་ལ་ཤི་བ་ཡང་མི་སྲིད་པའི་དོན་གསལ་བཀོད་དུ་བྱས་ཏེ། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་སྟོན་པར་བྱེད།

རང་རིག་བཀག་པའི་སྐབས་སུ་བེད་སྤྱོད། སེམས་ཙམ་པས་འདོད་པའི་རང་རིག་བཀག་པའི་སྐབས་སུ། "མོ་གཤམ་བུ་མོ་མི་སྲིད་ན་དེའི་འགྱིང་བག་བརྗོད་པ་དོན་མེད་བཞིན་ནོ། །"[༢]ཞེས་གསུངས། འདིས་ཁྱད་གཞི་ཤེས་པ་ཚད་མས་མ་གྲུབ་པའི་ཕྱིར་དེའི་ཁྱད་པར་གསལ་བའམ་མི་གསལ་བ་བརྗོད་པ་དོན་མེད་པ་སྟོན།

བདག་བཀག་པའི་སྐབས་སུ་བེད་སྤྱོད། གཞན་དབང་གི་དངོས་པོ་རྣམས་ལ་བདག་ཅེས་བཏགས་པ་ཡང་ཚད་མས་མ་གྲུབ་པ་སྟོན་པའི་ཆེད་དུ། "ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་དང་འདྲའོ། །"[༣]ཞེས་དྲངས། འདིས་བདག་ཅེས་པའི་དངོས་པོ་གང་ཡང་མེད་པ་མདོར་བསྟན།

ཚད་མ་རིག་པའི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

མངོན་སུམ་གྱི་སྒྲུབ་བྱེད་མེད་པ་སྟོན་པ། ཚད་མའི་ལུགས་སུ་མངོན་སུམ་གྱིས་ཤེས་པའི་གསལ་བའམ་མི་གསལ་བ་སྒྲུབ་ཐུབ་མེད་པ་སྟོན་པའི་ཆེད་དུ། "མོ་གཤམ་གྱི་བུ་མོའི་འགྱིང་བག་མཛེས་མི་མཛེས་བཞིན་ནོ། །"[༤]ཞེས་འཆད། འདིས་མེད་པའི་དངོས་པོའི་ཁྱད་པར་བརྗོད་པ་དོན་མེད་པ་གསལ་བཀོད།

རྗེས་དཔག་གི་སྒྲུབ་བྱེད་མེད་པ་སྟོན་པ། རྗེས་དཔག་གིས་རང་རིག་འགྲུབ་ཐུབ་མེད་པ་སྟོན་པའི་ཆེད་དུ། "བྱི་བའི་དུག་བསྒོས་པ་མ་མྱོང་ཡང་གཞན་དུ་འབྲུག་གི་སྒྲའི་རྐྱེན་དང་འཕྲད་པ་ལས་ནད་མྱོང་བ་དེ་ལས་དཔག་ནས་དྲན་པ་བཞིན་ནོ། །"[༥]ཞེས་གསུངས། འདིས་རང་མ་མྱོང་ཡང་གཞན་གྱི་འབྲེལ་བ་ལས་དྲན་པ་སྐྱེ་ཐུབ་པ་སྟོན།

ལྟ་བ་ཕྱི་རོལ་བཀག་པའི་སྐབས་སུ་བེད་སྤྱོད།

[རྩོམ་སྒྲིག]

དབང་ཕྱུག་བཀག་པ། དབང་ཕྱུག་འགྲོ་བའི་རྒྱུར་སྨྲ་བ་བཀག་པའི་ཆེད་དུ། "མེད་པའི་རང་བཞིན་ལ་མོ་གཤམ་གྱི་བུ་བཞིན་དུ་བྱེད་པའི་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །"[༦]ཞེས་གསུངས། མེད་པའི་དངོས་པོ་ལ་བྱེད་པའི་ནུས་པ་མེད་པ་གསལ་བཀོད།

རྡུལ་ཕྲ་རབ་ཀྱི་ལུགས་བཀག་པ།

[རྩོམ་སྒྲིག]

རྡུལ་ཕྲ་རབ་བྱེད་པ་པོར་སྨྲ་བ་བཀག་པའི་ཆེད་དུ། "མོ་གཤམ་གྱི་བུ་མེད་ན་དེ་ཡི་རྒན་གཞོན་མེད་པ་བཞིན་ནོ། །"[༧]ཞེས་འཆད། འདིས་མེད་པའི་དངོས་པོའི་ཁྱད་པར་རྣམས་ཀྱང་མེད་པ་སྟོན།

སྒྱུ་མའི་དཔེ་དང་འབྲེལ་བ།

[རྩོམ་སྒྲིག]

དབུ་མ་པའི་ལུགས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་ཡང་བདེན་མེད་པ་སྟོན་པའི་ཆེད་དུ། "སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྐྱེན་རྣམས་ཀྱིས་གང་སྤྲུལ་པའི་གཟུགས་ལ་སོགས་པ་"[༨]ཞེས་གསུངས་པ་ལྟར། མོ་གཤམ་གྱི་བུ་ལྟ་བུ་གཏན་ནས་མེད་པ་དང་སྒྱུ་མ་ལྟ་བུ་སྣང་ཡང་བདེན་མེད་པའི་ཁྱད་པར་གསལ་བཀོད།

བསྡུས་དོན།

[རྩོམ་སྒྲིག]

མོ་གཤམ་ཞེས་པ་ནི་ནང་པའི་རིག་གནས་ཁྲོད་དུ་མེད་པའི་དཔེ་མཚོན་གཙོ་བོ་ཞིག་ཡིན། མོ་གཤམ་གྱི་བུ་ཞེས་པ་ནི་བོང་བུའི་རྭ་དང་འདྲ་བར་གཏན་ནས་མི་སྲིད་པའི་དངོས་པོའི་དཔེར་བརྗོད་ཡིན་ལ། དབུ་མ་པའི་སྟོང་ཉིད་ཀྱི་ལྟ་བ། ཚད་མའི་ཤེས་པའི་རྣམ་གྲངས། ལྟ་བ་ཕྱི་རོལ་བཀག་པ། རྡུལ་ཕྲ་རབ་ཀྱི་ལུགས་སོགས་བཀག་པའི་ཆེད་དུ་ཡང་ཡང་བེད་སྤྱོད་བྱེད། འདི་ནི་ཆོས་ཀྱི་དངོས་པོ་རྣམས་ཀྱི་མེད་པའི་རང་བཞིན་དང་སྟོང་པ་ཉིད་ཀྱི་དོན་རྟོགས་པར་ཕན་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༥༢
  2. ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༦༢
  3. ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༩༥
  4. ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༨༨
  5. ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༨༨
  6. ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༤༥༤
  7. ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༩༠༠
  8. ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༢༢༢