མེ་བཙའ་

ཡོང་ཁུངས་Wikipedia

མེ་བཙའ་[རྩོམ་སྒྲིག]

སྤྲ་བ་དྲིལ་མ་གསང་མིག་ཏུ་བཞག་སྟེ་མེ་སྦར་ནས་བཙོ་བསྲེག་བསྲོ་བདུག་བཞིས་ནད་བཅོས་ཐབས་ཤིག་གོ །

མཁས་དབང་ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུགས་ལས།ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་དེའང་མ་ངེས་ཏེ།བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་བའི་ཕྱིར་རོ།།ཞེས་གསུངས་པ་ལྟར།སྤྱི་ལོ་སྔོན་གྱི་༦༣༧པའི་ཤིང་སྤྲེལ་ལོར་ཧོས་བཟའ་རྒྱལ་མེད་མ་ལ་སྲས་དཔྱད་བུ་ཁྲི་ཤེས་འཁྲུངས་ཏེ་གཙོ་བོ་གསོ་རིག་གི་བཀའ་ཡིན་བསྡུ་བ་པོར་གྱུར།ཁོང་གིས་ཡབ་གཤེན་རབ་མི་བོ་ཆེས་ཟིན་བྲིས་བཏབ་པའི་ཉམས་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་བྱས་པ་རྩ་བ་ཐུགས་འབུམ་མཁའ་སྔོན་དང་།འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ།གསོ་དཔྱད་ཀྱི་མདོ་དགུ། དཔྱད་རྒྱུད་ཟླ་ཟེར་ཞེས་པ་ལ་སོགས་པའི་གཞུང་ལུགས་མང་པོ་རྩོམ་སྒྲིག་དང་འཆད་ཉན་རྒྱས་སྤེལ་གྱིས་འགྲོ་བ་ནད་པའི་དོན་མཛད་ཚུལ་ལོ་རྒྱུས་ཡིག་ལམ་དུ་གསལ་པོར་བཀོད་པ་འདི་ལས་ཀྱང་པོད་ཀྱི་གསོ་རིག་གཞུང་ལུགས་དར་ནས་མཐའ་ཡང་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ར་སྤྲོད་བྱེད་ཐུབ།སྤྱིར་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུང་ལུས་ཁམས་ཀྱི་ཟུག་གཟེར་ཚོར་སྣང་ལ་གསོ་བར་བྱེད་པའི་ཐབས་ཤེས་ཀྱང་སྣ་ཚོགས་སུ་བྱུང་ཡོད་པ་སྟེ།དཔེར་ན། ཟས་ཕན་གནོད་ཤེས་པ་ཙམ་དང་། རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ།སྦང་མའི་འཇིབ་བྱེད་པ་ལ་སོགས་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད། ཅེས་དང་།དེང་རབས་ཀྱི་བོད་སྨན་མཁས་དབང་བྱམས་པ་འཕྲིན་ལས་ལགས་ཀྱིས་བརྩམས་པའི་བོད་ཀྱི་གསོ་རིག་སྨན་རྫས་ཀྱི་ཐོག་མའི་བྱུང་ཚུལ་དང་འཕེལ་རྒྱས་སྐོར་རགས་ཙམ་བརྗོད་པ་གཞོན་ནུ་ཀུན་ཏུ་དགའ་བའི་གཏམ་ཞེས་པར།ས་མཐོའི་བོད་ལྗོངས་ལ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་བ་ནས་བཟུང་མི་ཚོས་རང་བྱུང་ཁམས་དང་།ནད་རིགས་སྣ་ཚོགས་ལ་འཐབ་རྩོད་རྒྱུན་ཆད་མེད་པར་བྱས་ཏེ་བོད་ཀྱི་གསོ་རིག་དང་སྨན་རིག་ཐོག་མར་གསར་གཏོད་བྱས་པ་ནི་གོར་མ་ཆག་ཅེས་གསུངས་པ་ལྟར་དང་།དེ་བཞིན་བོད་ལྗོངས་ཀྱི་ས་འོག་ནས་དོན་པའི་རྡོ་ཆས་རྙིང་པ་དང་ཞིབ་ཆ་ཆེ་བའི་རྡོ་ཆས་མང་དག་ཅིག་རྙེད་པ་རྣམས་ལ་དེང་རབས་རིག་གསར་གྱིས་དབྱེ་ཞིབ་བྱས་པ་བརྒྱུད་མཚོ་བོད་མཐོ་སྒང་སྟེང་མི་ལོ་ཁྲི་ཕྲག་སུམ་བརྒྱ་ལྷག་གི་སྔ་རོལ་དུ་འགྲོ་བ་མིའི་རིགས་བྱུང་ཡོད་པར་མ་ཟད་གདོད་མའི་གསོ་དཔྱད་ཀྱི་ཚུལ་ཇི་སྙེད་ཅིག་ཀྱང་བྱུང་ཡོད་པར་བདེན་དཔང་བྱས་ཡོད།གནའ་བོའི་མི་རྣམས་ཀྱིས་དུས་ཡུན་ཧ་ཅང་རིང་པོའི་ནང་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་ལ་རྒྱུན་ཆད་མེད་པར་འཐབ་རྩོད་བྱས་ཏེ་ཤེས་བྱ་གང་མང་ཞིག་གསོག་ཉར་བྱས་ཤིང་།ལྷག་པར་དུ་རང་བྱུང་མེ་རྫས་བཀོལ་སྤྱོད་བྱས་པ་དང་ཆབས་ཅིག་མ་ཞུ་བའི་ནད་ལ་ཆུ་བསྐོལ་བཏང་བས་སེལ་བ་དང་།ཤིང་གི་ཚིག་རོ་རྨ་ཁར་གནོན་པས་ཁྲག་གཅོད་ཅིང་རྨ་གསོ་བ།གྲང་བའི་ནད་ལ་རི་དྭགས་བསད་མ་ཐག་བཤུས་པའི་ཤ་ལྤགས་དྲོན་མོས་གླན་པ་དང་། སློ་དྲོན་མོས་བདུག་པ་ལ་སོགས་པའི་ནད་རིགས་གསོ་བའི་བྱ་ཐབས་ཧ་ཅང་མང་པོ་རྙེད་པ་མ་ཟད།ད་དུང་སྐྱེ་དངོས་དང་སྲོག་ཆགས།གཏེར་པའི་རིགས་བཅས་ཁ་ཤས་ལ་ནད་རིགས་གསོ་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ངོ་།།བོད་རྗེ་གྲི་གུམ་བཙན་པོའི་སྐུ་རིང་ལ་ཞིང་འབྲོག་གི་ལས་རིགས་འཕེལ་ཏེ་ཆང་བསྙལ་བའི་ཐབས་དང་འོ་མ་སྲུབས་ནས་མར་བཏོན་པའི་ཐབས་ཤེསས་རྗེས་རྨ་གསར་ལ་སྦང་མའི་འཇིབ་བྱེད་པ་དང་།མར་ཁུ་བཞུས་ནས་རྨ་ཁ་སྡོམ་པའི་ཐབས་ཤེས་འདི་དག་ནི་མེ་བཙའི་ནུས་པ་དང་ཆ་མཐུན་པའི་བཅོས་ཐབས་བྱེ་བྲག་པ་ཞིག་ཡིན་པར་མ་ཟད།མེ་བཙའི་ལག་ལེན་འབྱུང་བའི་ཐོག་མའི་རྨང་གཞི་ལྟ་བུ་ཞིག་ཏུ་གྱུར་བའང་རྟོགས་ཐུབ།


དེ་ཡང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་༼སྤྱི་ལོ་༢༥༤ནས་༣༧༤༽ལ་རྒྱ་གར་གྱི་སྨན་པ་མཁས་པ་དགའ་བྱེད་བི་བྱི་དང་བི་ལྷ་དགའ་མཛེས་ཞེས་པའི་མིང་སྲིང་གཉིས་བོད་དུ་ཕེབས་ཏེ་ནད་པ་མང་པོར་གསོ་བཅོས་མཛད་པས་རྒྱལ་པོས་བོད་ཀྱི་གསོ་དཔྱད་རིག་པ་དར་སྤེལ་གཏོང་བར་ཐུགས་ཞིབ་མཛད་དེ་སྲས་མོ་ཡིད་ཀྱི་རོལ་ཆ་ཞེས་པ་མིང་པོའི་བཙུན་མོར་ཕུལ།རྗེས་སུ་དེ་ལ་སྲས་དུང་གི་ཐོར་ཅོག་ཅན་ཞེས་པ་ཞིག་འཁྲུངས་ནས་ནར་སོན་པའི་ཚེ་སྨན་པ་གཉིས་ཀྱིས་དེ་ལ་གཏར་བསྲེག་དཔྱད་ཀྱི་མདོ་དང་བཅས་པ་སྨན་དཔྱད་ཀྱི་མདོ་ལྔའི་གདམས་པ་གནང་ནས་སྨན་པ་མཁས་བར་གྱུར་ཏེ་འགྲོ་བ་ནད་པའི་དོན་མཛད་ཅིང་།རྒྱ་གར་གྱི་གཏར་བསྲེག་དཔྱད་ཀྱི་རིག་པ་བོད་ལ་དར་འགོ་བརྩམས་པའང་དེ་དུ་ཡིན་ནོ། །

སྤུ་རྒྱལ་བཙན་པོ་མེས་ཨག་ཚོམ་གྱི་དུས་ལ་ཁྱུང་པོ་ཙེ་ཙེ་དང་།ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར།རྒྱ་ཕྲུག་གར་མཁན་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གསོ་དཔྱད་གཞུང་ལུགས་གཞིར་བཟུང་ཞིང་ལུགས་གསུམ་དུ་གཏོགས་པའི་གསོ་དཔྱད་གསར་འགྱུར་རྣམས་སྙིང་པོ་བསྡུས་ནས་ཐོག་མར་རྩོམ་སྒྲིག་གནང་པའི་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ནང་དུའང་མེ་བཙའི་སྐོར་ལེའུ་གཅིག་དམིགས་སུ་འཁོད་པའི་ནང་མེ་དམིགས་བརྒྱ་དང་བཅུ་བཞིའི་ཕན་ཡོན་དང་བཅས་པ་རྒྱས་པར་བསྟན་ཡོད་དོ།།རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་ཕན་ཡོན་དང་བཅས་པ་རྒྱས་པར་བསྟན་ཡོད་དོ།།རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་ཀྱི་ཐུགས་འགན་ཐོག་མར་བཞེས་པའི་སྐབས་སུ་རྒྱ་གར་གྱི་སྨན་པ་དྷརྨ་རྭ་ཛ་དང་།རྒྱ་ནག་ནས་ཧ་ཤང་མ་ཧཱ་ཀྱིན་ད།ཁྲོམ་ནས་ཙན་པ་ཤི་ལ་ཧ་གསུམ་གདན་དྲངས་པར་སྤྲུལ་བའི་སྲས་གསུམ་དུ་གྲགས་པ། དེ་གསུམ་གྱིས་སོ་སོའི་ལུགས་དང་བསྟུན་པའི་བྱུག་པ་མེ་ཆུའི་གཟེར་དང་མེ་བཙའ་བདུད་རྩི་ཐིགས་པ་སོགས་མེ་བཙའི་སྐོར་འདུས་པའི་སྨན་གཞུང་མང་པོ་བརྩམས་ཏེ་ཕུལ།འཕྲུལ་གྱི་ལྷ་བཙན་པོས་སླར་ཡང་གསོ་དཔྱད་ཀྱི་རིག་པ་འདི་ཉིད་དར་རྒྱས་ཡོང་ཕྱིར་ཕྱོགས་རིགས་ཀྱི་སྨན་པ་གདན་དྲངས་པ་ལས།རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ། ཧྭ་ཤང་བ་ལ།ཧང་ཏི་པ་ཏ་གསུམ་པོས་སྦྱོར་བའི་ཕྲེང་བ་དང་ཆུ་དཔྱད། མེ་བཙའ་སོགས་རྩོམ་བསྒྱུར་བྱས་སོ།།

སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས། ཇི་སྐད་དུ།གཞན་ཡང་མགོན་པོ་མཁས་གྲུབ་བས། །འཕགས་ཡུལ་རྒྱ་ནག་ཆུ་བཞིན་ཉུལ།།ཀུན་གྱི་བཅུད་བསྡུས་རྒྱུད་བཞི་བརྩམས། །ཞེས་པ་ལྟར་སྨན་གྱི་བླ་མའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རོལ་བ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་པ་དེས་མི་ལོ་བརྒྱ་དང་ཉེར་ལྔའི་རིང་གསོ་དཔྱད་ལག་ལེན་དངོས་ཀྱི་ཉམས་མྱོང་ཐོག་སྐབས་དེའི་མི་རབས་སྔ་མས་གསར་བསྐྲུན་གནང་བའི་སྨན་གཞུང་གི་རྨང་གཞི་དང་།དེ་མཚུངས་སུ་རྒྱ་གར་དང་མེས་རྒྱལ་ཀྲུང་དབྱིའི་ལུགས་ལ་སོགས་པའི་གསོ་རིག་གཞན་པའི་ཕུན་སུམ་ཚོགས་པའི་ཉིང་ཁུ་རྣམས་བསྡུ་ལེན་གྱིས་གསོ་རིག་རྒྱུད་བཞི་གསར་རྩོམ་མཛད་ཅིང་།དེའི་ནང་མེ་མཙའི་ལེའུ་གཅིག་དམིགས་སུ་བཀར་ནས་དེའི་རུང་མི་རུང་དང་། ཕན་ཡོན། གདབ་ཐབས།ཕྱི་རྗེས། མེ་དམིགས་དོན་གཅིག་དང་བཅས་རྣམ་པ་དུ་མའི་སྒོ་ནས་རྒྱས་པར་གསུངས་པ་མ་ཟད།ཆེད་དུ་ལྗགས་རྩོམ་མེ་བཙའི་མདོ་ཆོད་ནག་པོ་ཞེས་པའང་མཛད་དེ་མེ་བཙའི་གཞུང་ལུགས་འཐུས་ཚང་དུ་བཏང་ཡོད།།


རབ་བྱུང་གསུམ་པའི་མེ་ཡོས་༼སྤྱི་ལོ་༡༡༤༧༽ལོར་འཁྲུངས་པའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བརྩམས་པའི་བསྟན་བཅོས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ནང་མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ་ཞེས་པ་མེ་བཙའི་ལེའུ་ཆེད་དུ་བརྩམས། སྤྱི་ལོའི་དུས་རབས་བཅོ་ལྔ་ཙམ་ནས་བོད་ཀྱི་གསོ་རིག་ལ་སྲོལ་ལུགས་ཆེན་པོ་ཉི་ཟླ་ལྟར་གྲགས་པ་བྱང་ཟུར་གཉིས་ཀས་གསོ་རིག་རྒྱུད་བཞི་ཡི་དགོངས་དོན་རྒྱུ་ཆེར་བཀྲལ་བ་དང་ཕྱོགས་མཚུངས་སོ་སོའི་ཁྱད་ཆོས་དངོས་དང་ཟུང་འབྲེལ་གྱིས་རང་རང་སོ་སོའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་དང་ལེགས་བསྒྲིགས་མཛད་པས་བོད་ཀྱི་གསོ་རིག་གཞུང་ལུགས་འཕེལ་རྒྱས་སུ་ཕྱིན་ལ་ལྟག་པར་དུ་དཔྱད་བཅོས་ལག་ཡིན་དེ་བཞིན་གྲ་རྒྱས་ཕུན་ཚོགས་སུ་སོང་། དུས་རབས་བཅུ་བདུན་པའི་སྐབས་སུ་མཁས་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱུད་བཞིའི་འབྲུ་འགྲེལ་བཻཌཱུར་སྔོན་པོ་བརྩམས་ཤིང་།དེའི་མེ་བཙའི་ལེའུའི་སྐབས་སུ་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་གནའ་བོའི་བསྟན་བཅོས་ཁག་གི་ལེགས་ཆ་བསྡུས་ཏེ་མེ་བཙའི་སྐོར་གྱི་རྣམ་གཞག་ཞིབ་རྒྱས་སུ་གསུངས་ཤིང་།མེ་དམིགས་གོ་དྲུག་ཙམ་གྱི་ཕན་ཡོན་དང་བཅས་པ་འཁོད་ཡོད་པར་མ་ཟད།གང་ཉིད་ཀྱི་རྩོམ་མན་ངག་ལྷན་ཐབས་ཀྱི་ནད་ཁག་སོ་སོའི་གསོ་བཅོས་སྐབས་སུའང་མེ་བཙའི་བཅོས་ཐབས་ཀྱི་ཉམས་མྱོང་མང་པོ་བཀོད་ཡོད།

རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང་སྟེ་སྤྱི་ལོ་༡༦༧༢ལོར་དེའུ་དམར་བ་བསྟན་འཛིན་ཕུན་ཚོགས་ཆབ་མདོ་གོ་འཇོ་རུ་འཁྲུངས་ཤིང་།སྐུ་ན་ཆུང་ངུའི་དུས་ནས་ཡབ་དང་ཁུ་བོ་ལས་ཡི་གེ་དང་སྨན་རིག་བསླབས་ཏེ་གསོ་རིག་སྐོར་གྱི་ལྗགས་རྩོམ་མང་པོ་མཛད།དེ་ལས་མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་ཞེས་བྱ་བ་ནི། ཇི་སྐད་དུ།མ་རིག་དུག་གསུམ་ཉེས་པའི་འཁྱགས་སྦུབས་སུ། །ཞུགས་པའི་རྣམ་མང་ལ་བརྩེ་ཚ་བའི་ཟེར།།འབུམ་ཕྲག་འབྱིན་བྱེད་ཞུགས་དཔྱད་མཐའ་ཡས་ལས།།སྙིང་པོ་ཉུང་བསྡུས་རྒྱུད་ཀྱི་མེ་ཐིག་སྟེ།།ཞེས་པ་ལྟར་མེ་བཙའི་གདམས་པ་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་མ་ཟད་རང་གི་གཅེས་གྲུབ་ཀྱི་ལག་ལེན་མྱོང་བས་ཀྱང་ཟུར་བརྒྱན་པའི་མེ་བཙའི་དཔེ་རྩོམ་འགངས་ཆེན་ཞིག་ཡིན།དེའི་ནང་སྤྲ་མེ་རུང་དང་མི་རུང་དང་། མེ་དམིགས་ཐབས་ཚད་ཕྱི་རྗེས་ཕན་ཡོན་ཉེས་སྐྱོན་དང་བཅས་པ་བརྒྱད་དུ་དབྱེ་ནས་ཧ་ཅང་རྒྱས་པར་གསུངས་ཤིང་།མེ་དམིགས་ལའང་རྒྱབ་གསང་ང་བདུན། མདུན་གསང་བདུན་ཅུ། ལག་པར་ང་བརྒྱད།རྐང་པར་རེ་བཞི་སོགས་བསྡོམས་པས་སུམ་བརྒྱ་ཉེར་གཉིས་འཁོད་ཡོད། །


གཞན་ཡང་། ཏུན་ཧོང་བྲག་ཕུག་ནས་ཐོན་པའི་གནའ་བོའི་བོད་ཡིག་གི་ཤོག་དྲིལ་ཁྲོད་སྨན་དཔྱད་སྐོར་གྱི་ཡིག་ཆ་མང་པོ་ཡོད་པ་ལས།མེ་བཙའི་སྐོར་ལ་ཡིག་ཆ་ཚན་པ་གཉིས་འདུག་ཅིང་དེའི་དུས་སྐབས་གང་ཡིན་ལ་སྒྲུབ་བྱེད་ཡིད་རྟེན་འཕེལ་བ་ཞིག་འགོད་དཀའ་ནའང་།མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམ་བསྒྲིགས་ལ་མཛད་པའི་གླེང་གཞི་ལས་གསུངས་དོན།སྨན་དཔྱད་ཀྱི་ཡིག་ཆ་འདི་བཞི་ནི་ལོ་རྒྱུས་ཐད་ནས་བཤད་ན་སྔ་ཤོས་ཀྱི་གྲས་ཤིག་ཡིན་ཏེ།མེ་བཙའི་བཅོས་ཐབས་སྐོར་གྱི་ཡིག་ཆའི་ནང་དུ། དཔྱད་ཡིག་འདི་ནི་ཕྱག་སྦལ་ནའང་མེད་དེ།དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ།ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ།།ཞེས་གསལ་བ་ལྟར་ཞང་ཞུང་གི་ཡུལ་ནི་སྔ་རབས་བོད་ཀྱི་རིག་གཞུང་འབྱུང་ཁུངས་ལྟེ་བ་ཡིན་པ་དང་།སྲོང་བཙན་གྱི་གོང་ནས་པུར་རྒྱལ་བོད་ཀྱི་རྒྱལ་རབས་མང་པོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཞིག་ཡིན་པས་སྨན་དཔྱད་སྐོར་ནས་བཤད་ནའང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་གསལ་བཤད་བྱས་འདུག་ཅེས་དང་།སྨན་དཔྱད་ཡིག་ཆ་གསུམ་པོའི་ནང་བོད་ཡིག་འགྲོ་སྟངས་ཐད་ཀྱི་ལ་དོན་དང་འབྱེད་སྡུད་སོགས་རྩ་བ་སུམ་ཅུ་པ་དང་མི་མཐུན།དཔེར་ན། མདའ་དུག་ཅིག་བཙན་དུག་ཐུ་གྱུརད་ཐམ་ཞེས་པ་དང་ཀླད་པའི་གཚུག་ཐུ་བྱུག་སྟེ་རྐབ་ཐུ་མཛུབ་མོ་མར་གིས་བསྐུས་ཏེ་བཅུག་ནཱ་ཁར་འཆིབ་དུ་བཅུག་སོགས་འདུག་པས་ལ་དོན་དང་འབྱེད་སྡུད་ཀྱི་སྒྲ་སྦྱོར་ཐུ་ཡིག་དང་ཐམ་ཡིག་མཛད་པའི་ལུང་བསྟན་པར་མ་ཟད།དེ་མིན་བྱེད་སྒྲ་དང་འབྲེལ་སྒྲའི་སྐབས་མྱྀ་ཞིག་སབ་སུབ་གྱིས་བཏབ་པ་ལ་ཞེས་པ་དང་།མྱྀ་ཕ་གསུམ་གྱི་རྨོངས་དང་།ལྷམ་གྱི་དྲི་མ་དང་བྱ་རྒོད་གྱི་ཞེས་པ་སོགས་ཀྱི་སྒྲ་སྦྱོར་མི་འདྲ་བའི་ནང་དུ་དུང་གཉིད་གྱང་ཆེ།ཤ་མཚག་གྱང་ངན།ལས་གྱང་མི་ཕོད་ལྟ་བུ་རྒྱན་སྡུད་གྱི་སྒྲ་སྦྱོར་ཡང་མི་འདྲ་བ་འདུག་པས་དེ་དག་ནི་དུས་རབས་དགུ་བའི་འགོ་སྟེ་བཀས་བཅད་བར་མའི་གོང་གི་ཡིག་ཆ་མིན་ནམ་སེམས་བཅས་མདོར་ན་ཏུན་ཧོང་ནས་ཐོག་པའི་སྨན་དཔྱད་ཡིག་ཆ་འདི་དག་གིས་པུར་རྒྱལ་བོད་ཀྱི་སྔ་རབས་སྨན་དཔྱད་ནི་དར་སྔ་བ་གསལ་བཤད་དང་།ལྷག་དོན་མེ་བཙའི་གཞུང་ལུགས་དང་ལག་ལེན་གྱི་བྱུང་བ་ལ་ཡང་ཆེས་སྔ་བའི་ལོ་རྒྱུས་ལྡན་པ་ར་སྤྲོད་བྱེད་ཐུབ། .........................