Jump to content

མུས་ཆེན་དཀོན་མཆོག་རྒྱན་མཚན།

ཡོང་ཁུངས་Wikipedia

མུས་ཆེན་དཀོན་མཆོག་རྒྱན་མཚན།

[རྩོམ་སྒྲིག]

ངོར་བ་ཀུན་བཟང་གི་སློབ་མ་འདི་ཉིད་རབ་བྱུང་བདུན་པའི་ས་འབྲུག(༡༣༨༨)ལོར་མུས་སྟོད་གླིང་སྐྱར་སྐུ་འཁྲུངས། དགུང་ལོ་དགུ་པ་ལ་དབང་འོད་པས་མཁན་པོ་མཛད་དེ་རབ་ཏུ་བྱུང་། དགུང་ལོ་བཅོ་ལྔ་པ་ལ་གླེ་ལུང་མཁན་པོ་ཀུན་སྨོན་དང་ཟུར་ཆོས་བྱམས་སེམས་གཉིས་ལས་ཕར་ཕྱིན་སྤྱོད་འཇུག་སོགས་གསན། དགུང་ལོ་བཅོ་བརྒྱད་པ་ལ་བཤད་སྟོན་མཛད། དེ་ནས་ནམ་མཁའ་དཔལ་འབྱོར་དང་བློ་གྲོས་རྒྱན་མཚན། སང་ལོ་པ་བཅས་ལས་ལས་གཅོད་ཁྲིད་དང་ཕར་ཕྱིན་སོགས་སྦྱངས་ནས་ངམ་རིངས་སུ་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞི་པ་ལ་མཁས་མཆོག་ཐུགས་རྗེ་དཔལ་བའི་དྲུང་དུ་ཕར་ཕྱིན་དཀའ་གནད་ལ་དཔྱད་པ་གནང་རྗེས་ས་སྐྱར་གྲྭ་སྐོར་མཛད། དགུང་ལོ་ཉེར་ལྔ་པ་ལ་མཁས་མཆོག་གཡག་པ་དང་མཇལ་བས་རྗེ་འདི་ལས་ཕར་ཕྱིན་གྱི་གནད་ཟབ་མོ་ཉམས་སུ་མྱོང་བར་མཛད། དགུང་ལོ་ཉེར་བརྒྱད་པ་ནས་སོ་བཞིའི་བར་སེམས་པ་ཆེན་པོ་གཞོན་ནུ་རྒྱན་མཚན་ལོ་བདུན་བསྟེན་ནས་ཚད་མ་འུ་ཡུག་པའི་རིག་མཛོད་ཆེན་མོ་སོགས་ལ་སྦྱངས། སོ་བཞི་པ་ལ་བྱང་དུ་བཀའ་ལྔ་པ་པལ་འབྱོར་ཤེས་རབ་ལས་དབུ་མ་རེད་མདའ་བའི་ལུགས་གསན། དགུང་ལོ་སོ་ལྔ་པ་ཆུ་སྟག(༡༤༢༢)ལོར་ལྷ་སར་སྐོར་བ་ཐེར་འབུམ་མཛད། ཡར་ལམ་ནུབ་ཆོས་ལུང་དུ་གངས་ཆེན་ཀུན་དགའ་དཔལ་བ་ལས་བསྙེན་པར་རྫོགས། དགུང་ལོ་བཞི་བཅུ་པ་ལ་དཔལ་ས་སྐྱ་དགོན་དུ་གསུང་ངག་རིན་པོ་ཆེའི་ཟབ་དོན་མཐིལ་ཕྱིན་པ་གསན། དགུང་ལོ་ཞེ་གཉིས་པ་ས་བྱ་(༡༤༢༩)ལོར་ངོར་དགོན་ཕྱག་བཏབ། བརྟག་གཉིས་རྣམ་བཤད་ཀྱི་དགའ་སྟོན་ལེགས་པར་བསྐྱེད། དེ་ནས་བཟུང་རྗེ་འདི་དགུ་ལོ་ཞེ་བརྒྱད་དང་། རྗེ་ངོར་ཆེན་དོན་བཞི་བཞེས་པའི་བར་ངོར་དང་མུས་སུ་བྱོན་རེས་ཀྱིས་རྒྱུད་མན་ངག་གི་བསྟན་པའི་མེ་རོ་སོར་ཆུད་པར་མཛད། དགུ་གྲངས་ཞེ་དགུ་པར་གོང་དུ་ཀྱཻ་རྡོ་རྗེའི་བསྙེན་པ་ཟླ་བ་བཅུ་གསུམ་དུ་འབུམ་ཕྲག་བཅུ་གཅིག་གནང་། དགུང་ལོ་རེ་དགུ་པ་མེ་བྱི(༡༤༥༦)ལོ་ནས་བྱི་གླང་སྟག་གསུམ་འཛིན་སྐྱོང་གི་འཁུར་བཞེས། དགུང་ལོ་དོན་གཉིས་པ་ལ་རིན་སྤུངས་ནོར་བཟང་ལ་བདེ་མཆོག་སོགས་ཀྱི་དབང་གནང་། ལོ་དེར་མུས་སུ་ཡ་མའི་དགོན་པ་བཏབ། དོ་གསུམ་པ་ལ་བསྟན་འཛིན་ཕུག་ཏུ་བདེ་མཆོག་གི་བསྙེན་པ་གནང་། དོན་བཞི་པ་ལ་ངམ་རིངས་སུ་འདུས་ཚོགས་ལ་གསུང་ངག་དང་བློ་སྦྱོང་སོགས་ཀྱི་དགའ་སྟོན་བསྩལ། དོན་ལྔ་པ་ལ་རྗེ་ཤེར་རྒྱམ་པ་ངོར་གྱི་གདན་ཁྲིར་བཀོད། དོན་བདུན་པ་ལ་བསྟན་འཛིན་ཕུག་ཏུ་བདུད་རྩི་རིལ་བུ་བསྒྲུབས། འོད་ཟེར་ཆེན་པོའི་ངང་དུ་རྣལ་འབྱོར་དབང་ཕྱུག་ཞལ་གཟིགས། སློབ་མ་ཤིན་ཏུ་མང་པོ་བྱོན་ཞིང་། གསུང་ངག་བློ་བཤད་ཀྱི་བཀའ་བབས་ནི་བདག་ཆེན་རྡོ་རྗེ་འཆང་མ་མ་ཏི་ཧྭཙྪ་ཤྲྭི་བྷ་དྲ་ཁོ་ནའོ། མཐར་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་གླང་(༡༤༦༩)ལོར་མུས་བསྟན་འཛིན་ཕུག་ཏུ་དག་པའི་ཞིང་དུ་གཤེགས།