མུན་འཐོམས་
མུན་འཐོམས་ཞེས་པ་ནི་སྤྱོད་འཇུག་གི་འགྲེལ་བཤད་རིས་མེད་ནང་དུ་ཉོན་མོངས་པ་སྤོང་བའི་སྐབས་སུ་དྲངས་པའི་གལ་ཆེན་གྱི་ཐ་སྙད་ཅིག་ཡིན། འདི་ནི་ཉོན་མོངས་པའི་དགྲ་འཇོམས་པ་ལ་བརྩོན་འགྲུས་དྲག་པོ་བསྐྱེད་དགོས་པའི་དམ་བཅས་སམ་གོ་ཆ་བགོ་བའི་ཚུལ་ཞིག་ལ་ཟེར།
ནང་དོན།
[རྩོམ་སྒྲིག]མུན་འཐོམས་ཞེས་པའི་གཞི་རྩའི་དོན་ནི་ཉོན་མོངས་པའི་དགྲ་བོ་རྣམས་མ་བཅོམ་པའི་བར་དུ་དེ་དག་འཇོམས་པ་ལ་བརྩོན་འགྲུས་སྐད་ཅིག་ཀྱང་མི་འདོར་བར་འབད་པའི་དམ་བཅའ་ཚད་ལྡན་ཞིག་ལ་གོ། "ཇི་སྲིད་བདག་གིས་དགྲ་བོ་མ་རུངས་པ་ཉོན་མོངས་པ་འདི་དག་སྐྱེད་བྱེད་ཀྱི་ས་བོན་དང་བཅས་མངོན་སུམ་དུ་མཐོང་བཞིན་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་ཉོན་མོངས་པའི་གཡུལ་ངོར་ཞུགས་པའི་སྐབས་འདིར་དེ་འཇོམས་བྱེད་ཀྱི་གཉེན་པོ་སྟོབས་ལྡན་བསྟེན་པ་ལ་བརྩོན་པའི་དམ་བཅའི་ཁུར་དེ་ཉིད་སྐད་ཅིག་ཀྱང་མི་འདོར་བར་འབད་པར་བྱ་སྟེ།"[༡] ཞེས་གསུངས་ཏེ་འདི་ནས་མུན་འཐོམས་ཀྱི་དོན་གཞི་གསལ་པོར་རྟོགས་ཐུབ། གོ་ཆ་བགོ་བའི་ཚུལ། དེ་ཡང་དཔེར་ན་"འཇིག་རྟེན་ན་ཐ་མལ་པའི་གནོད་བྱེད་ཀྱི་དགྲ་ཆེན་པོ་ལྟ་ཞོག་རེ་ཞིག་གནོད་བྱེད་ཆུང་དུ་ཚིག་ངན་སྨྲ་བ་ཙམ་ལ་ཡང་ཁྲོས་པར་གྱུར་པ་ན་འཁོན་འཛིན་ཤིན་ཏུ་ཆེ་བས་ང་རྒྱལ་ཤུགས་དྲག་རྒྱས་ཏེ་བདོ་བ་རྣམས་གནོད་བྱེད་དེ་ངེས་པར་མ་བཅོམ་པར་བློ་བདེ་མོར་བྱས་ནས་གཉིད་མི་འོང་བ་ཙམ་དུ་བརྩོན་པར་བྱེད་ན།གནོད་པ་ཤིན་ཏུ་ཆེན་པོ་བྱེད་པའི་ཉོན་མོངས་པའི་དགྲ་གཞོམ་པ་ལ་ཅིའི་ཕྱིར་བརྩོན་པར་མི་བྱེད་དེ་ཤིན་ཏུ་བརྩོན་པར་བྱ་རིགས་སོ། །"[༢]ཞེས་པ་ལྟར་ཐ་མལ་གྱི་དགྲ་ལ་ཡང་སྐད་ཅིག་ཀྱང་གཉིད་མི་འོང་བར་འཇོམས་པ་ལ་བརྩོན་པ་བསྐྱེད་ན། ཉོན་མོངས་པའི་དགྲ་འཇོམས་པ་ལ་ལྟ་ཅི་སྨྲ་ཞེས་རིགས་པ་ཅན་གྱི་དཔེས་ངེས་འདྲེན་བྱས། དམ་བཅའ་བསྐྱེད་ཚུལ། "དེ་ལྟར་ཉོན་མོངས་ངོས་ཟིན་ཅིང་ཉེས་དམིགས་ཤེས་པ་ཙམ་གྱིས་མི་འོང་བས་སྤང་དགོས་ལ་དེའང་དུས་ཇི་སྲིད་བདག་གིས་དགྲ་ཉོན་མོངས་པ་འདི་དག་མགོ་ནོན་ལྟ་བུ་མ་ཡིན་པར་མངོན་སུམ་ཉིད་དུ་ངེས་པར་མ་བཅོམ་པའམ་མ་སྤང་བ་དེ་སྲིད་དུ་བདག་གིས་ཉོན་མོངས་པའི་གཉེན་པོ་རང་རྒྱུད་ལ་བསྐྱེད་ཅིང་བསྒོམ་པའི་སྐབས་འདིར་བརྩོན་འགྲུས་སྲོག་ལ་བབ་ཀྱང་མི་འདོར་བར་འབད་པར་བྱ་ཞེས་དམ་བཅས་ནས་བརྩོན་དགོས།"[༣] ཞེས་པ་ལྟར་རྩ་བ་ནས་སྤང་བ་ལ་སྲོག་གི་རིས་ཀྱང་མ་འཇོག་པར་བརྩོན་འགྲུས་དྲག་པོ་བསྐྱེད་དགོས་པར་བསྟན།
དཔེ་དོན་སྦྲགས་ཏེ་གོ་བ་བསྐྱེད་ཚུལ།
[རྩོམ་སྒྲིག]"མི་འདོད་པ་མཐའ་དག་ཉོན་མོངས་པས་བསྐྱེད་པ་དེ་ལྟར་ན་ཇི་སྲིད་བདག་གི་མི་བཟད་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འགྲོ་བ་འདིར་ཉོན་མོངས་ཀྱི་གཉེན་པོ་ལ་བརྩོན་པ་སྐད་ཅིག་ཀྱང་མི་འདོར་བར་འབད་པར་རིགས་ཏེ། རེ་ཤིག་འཇིག་རྟེན་དུ་གནོད་བྱེད་ཆུང་ངུ་ཚིག་རྩུབ་ཙམ་སྨྲ་བ་ལ་ཡང་ཁྲོས་པར་གྱུར་པ་ཁོན་འཛིན་ཆེ་བའི་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་བར་བརྩོན་པར་བྱེད་ན་ཉོན་མོངས་གཞོམ་པ་ལ་བརྩོན་པ་བྱ་བར་རིགས་སོ། །"[༤]ཞེས་གསུངས་ཏེ་དཔེ་དོན་སྦྲགས་ཏེ་ཤིན་ཏུ་གསལ་པོར་བཤད། "དེ་ལྟར་ཇི་སྲིད་བདག་གིས་ཉོན་མོངས་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འདིར་བརྩོན་པ་མི་འདོར་བར་བྱ་སྟེ། དཔེར་ན་རེ་ཞིག་གནོད་བྱེད་ཆུང་ངུ་སྟེ་ཐ་མལ་པའི་དགྲ་ལ་ཡང་ཁྲོས་པར་གྱུར་པའི་སེམས་ཅན་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་ན། ཉོན་མོངས་པའི་དགྲ་འཇོམས་པ་ལ་བརྩོན་དགོས་པ་ལྟ་ཅི་སྨྲོས།"[༥] ཞེས་དཔེ་དོན་གྱི་ཤུགས་ཁུར་ལ་གཞིགས་ཏེ་བཤད།
གལ་ཆེ་བ།
[རྩོམ་སྒྲིག]"དེ་ལྟར་ཞེས་ཉེས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་དེ་དག་གལ་ཏེ་ཡིད་ཀྱི་ཁྱིམ་དུ་ཆགས་པའི་རང་བཞིན་གྱི་གཟེབ་གང་ཡིན་པ་དེར་གལ་ཏེ་གནས་པར་གྱུར་ན་སྟེ། རྫོད་ལ་བརྟེན་ནས་གལ་ཏེ་འདུག་ན་བདག་ལ་ག་ལ་བདེ། དེ་བས་ན་འདིར་བདག་གི་འདི་ཉིད་ནི་རིགས་པ་ཡིན་ནོ་སྙམ་དུ་བསྟན་པར་བྱ་བ།"[༦] ཅེས་ཉོན་མོངས་པ་ཡིད་ལ་གནས་པ་ཕལ་ཆེར་གྱི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པས་མུན་འཐོམས་ཀྱི་དམ་བཅའ་གལ་ཆེ་བ་བཤད།
བསྡུས་དོན།
[རྩོམ་སྒྲིག]མུན་འཐོམས་ཞེས་པ་ནི་ཉོན་མོངས་པའི་དགྲ་བོ་མ་བཅོམ་པའི་བར་དུ་དེ་དག་འཇོམས་པ་ལ་སྐད་ཅིག་ཀྱང་མི་འདོར་བར་བརྩོན་འགྲུས་དྲག་པོ་བསྐྱེད་པའི་དམ་བཅའ་ཞིག་ལ་གོ། འདི་ནི་ཐ་མལ་གྱི་དགྲ་ལ་ཡང་གཉིད་མི་འོང་བར་འཇོམས་པ་ལ་བརྩོན་པ་སྐྱེད་པ་དང་འདྲ་བར། ཉོན་མོངས་པའི་དགྲ་ལ་ནི་དེ་བས་ཀྱང་བརྩོན་འགྲུས་ཚད་ལྡན་བསྐྱེད་དགོས་པའི་རིགས་པ་ཡིན། སྤྱོད་འཇུག་པའི་ལམ་བགྲོད་ཀྱི་སྐབས་སུ་འདི་ལྟ་བུའི་གོ་ཆ་བགོ་བ་ནི་གལ་ཆེན་ཞིག་ཡིན་ལ། དེ་ཡང་རང་གི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་རྩ་བ་ནས་སེལ་བར་དམ་བཅས་པའི་སེམས་ཚུལ་ཞིག་ཡིན་ནོ།།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།