མུན་པ་
མུན་པ་ཞེས་པ་ནི་ནང་པའི་བསྟན་པའི་ནང་དུ་གཙོ་བོར་མ་རིག་པ་དང་རྨོངས་པ། གཏི་མུག དེ་བཞིན་དུ་སྒྲིབ་པ་རྣམས་ལ་དཔེ་སྟོན་ནམ་བརྗོད་བྱ་དངོས་སུ་སྤྱོད་པའི་ཐ་སྙད་ཅིག་ཡིན། དེ་ལས་ལྡོག་སྟེ་ཡེ་ཤེས་དང་ཤེས་རབ་ནི་མུན་པ་སེལ་བའི་འོད་དང་སྒྲོན་མེ་ལ་དཔེ་བསྟན།
སྒྲ་བཤད།
[རྩོམ་སྒྲིག]མུན་པ་ཞེས་པའི་སྒྲའི་དོན་གཞིར་ནི་འོད་མེད་ཅིང་སྣང་བ་མེད་པའི་གནས་སྐབས་ལ་ཟེར། ནང་པའི་བསྟན་པའི་ནང་དུ་འདི་ནི་ཐ་སྙད་སྒྱུར་བའི་སྒོ་ནས་མ་རིག་པ་དང་རྨོངས་པ། སྒྲིབ་པ་སོགས་ལ་སྤྱོད།
མུན་པའི་དབྱེ་བ།
[རྩོམ་སྒྲིག]མ་རིག་པའི་མུན་པ། "སེམས་ཅན་སྡུག་བསྔལ་ཞིང་མ་རིག་པའི་མུན་པར་འཐོམས་པ་རྣམས་ལ་ཐར་པའི་ལམ་གསལ་བར་བྱེད་པའི་ལུང་རྟོགས་ཀྱི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ་ཅིག་"[༡]ཅེས་གསུངས་པ་ལྟར། མ་རིག་པ་ནི་མུན་པ་ལ་དཔེ་བསྟན་ཏེ་སེམས་ཅན་རྣམས་བདེན་པའི་དོན་མ་ཤེས་པར་འཁྲུལ་བའི་གནས་སྐབས་ལ་ཟེར།
སྒྲིབ་པ་གཉིས་ཀྱི་མུན་པ། "ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་མུན་པའི་གཉེན་པོ་ཡང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་"[༢]ཞེས་གསུངས་པ་ལྟར། སྒྲིབ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མུན་པ་ཡིན། དྲ་ཐག་བསྐྱར་དུ་བཟོ་དགོས།
ཉོན་མོངས་པའི་མུན་པ། "ཤེས་རབ་ཀྱི་མིག་གིས་བལྟས་པ་ཙམ་གྱིས་བྲོས་འགྲོ་བས་ན་ཉོན་མོངས་ཉོན་མོངས་པ་ཞེས་བརྙས་ཚིག་ཏུ་མཛད་་པའོ། །" [༣]ཞེས་གསུངས་པ་ལྟར། ཉོན་མོངས་པའི་མུན་པ་ནི་ཤེས་རབ་ཀྱི་མིག་གིས་སྤང་དགོས་པ་ཡིན།
འཇིགས་པའི་མུན་པ། "མུན་པ་ཆེན་པོ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་བསལ་ཏེ་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་རྒྱ་ཆེན་པོ་སྐྱེད་པའི་མཐུ་བཟང་པོ་འདི་ཀོ་སྐྱེས་བུ་དམ་པ་སུ་ཡིས་མཐུ་ཡིན་ནམ་སྙམ་" [༤]ཞེས་གསུངས་པ་ལྟར། དམྱལ་བ་སོགས་ཀྱི་འཇིགས་སྐྲག་གི་མུན་པ་ཡང་ཐུགས་རྗེའི་འོད་ཟེར་གྱིས་སེལ་ཐུབ་པ་ཡིན།
མུན་པ་སེལ་ཐབས།
[རྩོམ་སྒྲིག]བྱང་ཆུབ་ཀྱི་སེམས་ཀྱིས་སེལ་ཐབས། "བྱང་ཆུབ་ཀྱི་སེམས་འདི་ཉིད་སྟོང་གསུམ་གྱི་མུན་པ་གཅིག་ཅར་དུ་སེལ་བར་བྱེད་པའི་ཉི༷་མ་ཆེན་པོ་ལྟ་བུ་ཡིན་"[༥]ཞེས་བྱང་ཆུབ་ཀྱི་སེམས་ཀྱིས་མུན་པ་སེལ་ཐུབ་པ་གསུངས།
དམ་པའི་ཆོས་ཀྱི་སྒྲོན་མེས་སེལ་ཐབས། "དམ་པའི་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་ཏེ་མི་ཤེས་པའི་མུན་པ་བསལ་ནས་བླང་དོར་གྱི་གནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྣང་ཞིང་གསལ་བར་མཛད་"[༦]ཅེས་གསུངས།
ཤེས་རབ་ཀྱིས་སེལ་ཐབས། "ཤེས་བྱ་ལ་ནི་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་སོ་ཞེས་རྣམ་པར་ཕྱེ་ནས་སྦྱར་བར་བྱ་སྟེ། ཤེས་བྱ་ཉིད་ལ་སྒྲོ་བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྒྲིབ་པ་དེ་ཉིད་ནི་མུན་པ་ལྟར་མུན་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །"[༧]ཞེས་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་སྒྲིབ་པའི་མུན་པ་སེལ་ཐུབ་པ་གསུངས།
བསྡུས་དོན།
[རྩོམ་སྒྲིག]མུན་པ་ཞེས་པ་ནི་ཕྱིའི་འོད་སྣང་མེད་པའི་མུན་ནག་ལ་བརྗོད་ཀྱང་། ནང་གི་མ་རིག་པ་དང་སྒྲིབ་པ་གཉིས། ཉོན་མོངས་པ། འཇིགས་སྐྲག་སོགས་ཀྱི་མཚོན་བྱེད་དུ་ཀྱང་བེད་སྤྱོད་གཏོང་། དེ་དག་སེལ་ཐབས་ནི་བྱང་ཆུབ་ཀྱི་སེམས་དང་། དམ་པའི་ཆོས། ཤེས་རབ་སོགས་ཀྱིས་ཡིན། འདི་ལྟར་མུན་པ་ཞེས་པ་ནི་སྤྱིར་ཆོས་ལུགས་ནང་སེམས་ཅན་གྱི་འཁྲུལ་པ་དང་སྒྲིབ་པ་རྣམས་ལ་མཚོན་བྱེད་དུ་བེད་སྤྱོད་བྱེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༥༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༨༥-༢༨༦
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༣༣༨
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༦༧༨
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༩༡
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༡༥༣
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༦༩