མུ་སྟེགས་ཀྱི་སྟོན་པ་དྲུག
མཐོང་རིས་
མུ་སྟེགས་ཀྱི་སྟོན་པ་དྲུག
[རྩོམ་སྒྲིག]སྟོན་པ་ཤྭཀྱ་ཐུབ་པའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་ཆེན་པོ་ཞེས་པའི་མཛད་པ་བཞེས་སྐབས་ཕམ་པར་མཛད་པའི་མུ་སྟེགས་ཀྱི་སྟོན་པ་དྲུགསྟེ། སྟོན་པ་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་གཉེན་གྱི་བུ་བཅས་དྲུག་ཡིན། དེ་ཡང་སྟོན་པ་ཤྭཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་ནས་འདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་ལམ་དུ་འགོད་པར་མཛད། དེའི་ཚེ་སྐྱེ་བོའི་ཚོགས་རྣམས་དཀོན་མཆོག་གསུམ་ལ་དད་དེ་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་བསྙེན་བཀུར་མི་བྱེད་པས། དེ་རྣམས་ཕྲག་དོག་གིས་ཡིད་དཀྲུགས་ཏེ་ཆོའཕྲུལ་འགྲན་དུ་ཡང་ཡང་བསྐུལ་བ་ན། སྟོན་པ་དགུང་གྲངས་ང་བདུན་ལ་ཕེབས་པ་མེ་ཕོ་འབྲུག་གི་ལོ་ལ་ཆོ་འཕྲུལ་མཛད་པའི་དངོས་ཀྱི་འདུལ་བྱ་མུ་སྟེགས་སྟོན་པ་དྲུག་དང་ཕྱི་རོལ་པའི་འདུལ་བྱ་སྐྱེ་བོ་དགུ་ཁྲི་འཁོར་དང་བཅས་པ་འདུལ་བའི་དུས་ལ་གཟིགས་ནས་གྲོང་ཁྱེར་མཉན་ཡོད་དུ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད། དེ་ལའང་འགྲན་པའི་ཚུལ་གྱི་མཛད་པ་གཉིས་སོ། དང་པོ་ནི་ཚེས་གཅིག་ནས་བདུན་གྱི་དབར་མུ་སྟེགས་སྟོན་པ་དྲུག་པོས་ཀྱང་རྫུ་འཕྲུལ་འགྲན་པའི་ཁུལ་གྱིས་གནས་པས་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་ཞེས་བརྗོད། གཉིས་པ་ནི་ཚེས་བརྒྱད་ནས་བཅོ་ལྔའི་བར་གྱི་ཆོ་འཕྲུལ་ལ་འགྲན་ཟླ་མེད་པའི་ཆོ་འཕྲུལ་ཞེས་ཡོངས་སུ་གྲགས་པ་ཡིན་ཏེ། ཚེས་བརྒྱད་ཉིན་གྱི་ཆོ་འཕྲུལ་ངོ་མཚར་ཆེ་བ་ལ་མུ་སྟེགས་སྟོན་པ་དྲུག་པོ་དཔའ་ཞུམ་ནས་འགྲན་པར་མི་ནུས་པར་གྱུར་ཏེ་ཕམ་པར་མཛད་པས། ལ་ལ་ནི་ཆུར་མཆོངས། ལ་ལ་ནི་ཡུལ་གཞན་དུ་བྲོས། དེ་རྣམས་ཀྱི་འཁོར་མུ་སྟེགས་ཅན་དགུ་ཁྲི་ནི་སངས་རྒྱས་ཀྱིས་མཛད་པའི་རྣམ་པར་ཐར་པ་དད་ཅིང་རབ་ཏུ་བྱུང་བ་ཡིན་པས། ཚེས་བརྒྱད་ནས་བཅོ་ལྔའི་བར་གྱི་ཆོ་འཕྲུལ་ནི་འགྲན་ཟླ་མེད་པར་ལྷ་དང་མིའི་འགྲོ་བ་དཔག་ཏུ་མེད་པ་ལ་སྟོན་པར་མཛད་དོ། ། དེ་ལྟར་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་མོ་བསྟན་པས་ན་ལྷ་དང་མི་དད་པ་ཅན་དག་གིས་མཉན་ཡོད་ཛེ་ཏཱའི་ཚལ་དུ་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་བརྩིགས། གོང་སྨོས་འདི་རྣམས་ནི་ཐེག་པ་ཆེན་པོའི་ལུགས་ལྟར་ཉིན་བཅོ་ལྔར་བྱས་པ་ལས་ཐེག་དམན་ལུགས་ལ་ཆོ་འཕྲུལ་ཉིན་གཅིག་ཁོ་ནར་བཞེད་དོ། །