མུ་གེའི་བསྐལ་པ་
མུ་གེའི་བསྐལ་པ་ནི་ནང་པའི་ཆོས་ལུགས་ཀྱི་བསྐལ་པ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། སེམས་ཅན་རྣམས་ལས་ཉེས་པས་འཁྲུགས་ཏེ། བཀྲེས་སྐོམ་གྱི་སྡུག་བསྔལ་ཆེན་པོ་མྱོང་དགོས་པའི་དུས་ཚོད་ཅིག་ལ་ཟེར། །
ནང་དོན།
[རྩོམ་སྒྲིག]མུ་གེའི་བསྐལ་པ་ནི་བསྐལ་པ་བར་མ་གསུམ་ལས་གཅིག་སྟེ། འཇིག་རྟེན་དུ་ནད་དང་མཚོན་ཆ་དང་བཅས་པ་བསྐལ་པ་གསུམ་པོ་འབྱུང་བའི་ཚེ་མཐའ་མར་འབྱུང་བའི་བསྐལ་པ་ཞིག་ཡིན། མཛོད་ལས། "བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་རྣམས་ཀྱིས་མཐར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་སྟེ་གོ་རིམ་བཞིན། །" ཞེས་གསུངས་པ་ལྟར་མི་རྣམས་ཀྱི་ཚེ་ལོ་བཅུ་པའི་དུས་སུ་ཐོག་མར་མཚོན་གྱི་བསྐལ་པ་ཞག་བདུན་གྱིས་དམྱལ་ཐག་པར་བྱེད་ཅིང་། དེའི་ལྷག་མ་རྣམས་ནད་ཀྱི་བསྐལ་པ་ཞག་བདུན་དང་ཟླ་བ་བདུན་གྱིས་དམྱལ་ཐག་གཅོད་དོ། །དེའི་ལྷག་མར་ལུས་པ་རྣམས་མུ་གེའི་བསྐལ་པ་ཞག་བདུན་ཟླ་བ་བདུན་ལོ་བདུན་གྱིས་ལྷག་མ་ཙམ་དུ་བྱེད་ལ་དེ་ནས་རྫོགས་ལྡན་གྱི་མགོ་རྩོམ་པར་འགྱུར་བའོ། ། མུ་གེའི་བསྐལ་པའི་བྱུང་ཚུལ། "ཁྱད་པར་ཚེ་ལོ་སུམ་ཅུ་པའི་དུས་སུ་ལོ་བདུན་ཟླ་བ་བདུན་ཞག་བདུན་དང་བཅས་པའི་རིང་ལ་མུ་གེའི་བསྐལ་བ་བར་མ་འབྱུང་བར་ས་སྡེར་བཤད་ལ།"[༡] ཞེས་གསུངས་པ་ལྟར་མི་རྣམས་ཀྱི་ཚེ་ལོ་སུམ་ཅུ་པའི་དུས་ནས་ཚེ་ལོ་བཅུ་པའི་དུས་སུ་ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་རིང་ལ་མུ་གེའི་བསྐལ་པ་འབྱུང་བར་གསུངས། བསྐལ་པ་དེའི་ཚེ་"གབ་ཚེའི་སྣོད་དུ་འབྲུའི་ས་བོན་རེ་ཙམ་བཞག་ནས་རིན་པོ་ཆེ་ལྟར་སྲུང་བས་གབ་ཚེ་བ་དང༌། ཤི་ནས་རུས་པ་སྣུམ་མེད་དཀར་པོར་འགྲོ་བ་དང་དེ་ལྟ་བུའི་རུས་པ་ཆུར་བསྐོལ་ནས་འཐུང་བས་རུས་གོང་དཀར་པོ་བ་དང༌། ཐུར་མའི་རྩེ་མོས་སྣོད་སོགས་ནས་འབྲུ་རེ་རེ་ཙམ་བྲུས་ནས་དེ་ཆུར་བསྐོལ་ནས་འཐུང་བས་སམ་ཐུར་མའི་རྩེས་ཟས་འགྱེད་པས་ཐུར་མས་འཚོ་བ་པ།"[༢] ཞེས་མཛད་པ་ལྟར་གབ་ཚེ་བ་དང་རུས་གོང་དཀར་པོ་བ་དང་ཐུར་མས་འཚོ་བ་སོགས་ཅི་ཞིག་ཀྱང་མེད་པར་གྱུར་ཏེ་ཟས་སྐོམ་མེད་པས་བཀྲེས་ཤིང་ཉམ་ཐག་པས་ས་ལ་འགྱེལ་ནས་ལྡང་མི་ནུས་པར་འཆི་བར་འགྱུར་བ་ལ་ཟེར། སེམས་ཅན་ལ་ཟས་སྐོམ་སྦྱིན་པའི་བསྔོ་བ། "བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་རྣམས་ལ་བཟའ་བའི་ཟས་དང་བཏུང་བའི་སྐོམ་ཕུན་སུམ་ཚོགས་པ་ལྷའི་ཡུལ་གྱི་བདུད་རྩི་ལྟ་བུའི་ཆར་རྒྱུན་ཟད་མི་ཤེས་པར་ཕབ་སྟེ་ཟས་འདོད་པས་གདུངས་ཏེ་བཀྲེས་ཤིང་ལྟོགས་པ་དང་བཏུང་བ་འདོད་པས་གདུངས་ནས་སྐོམ་པར་གྱུར་པའི་གནོད་པ་མཐའ་དག་བསལ་ནས་ངོམས་ཤིང་ཚིམ་པ་ཉིད་དུ་བྱེད་ནུས་པར་སྨོན་པ།"[༣] ཞེས་གསུངས་པ་ལྟར་སྤྱོད་འཇུག་གི་སྨོན་ལམ་ནང་མུ་གེའི་བསྐལ་པ་བར་མའི་ཚེ་སེམས་ཅན་གྱི་བཀྲེས་སྐོམ་ཞི་བར་བྱེད་ནུས་པར་སྨོན་ལམ་འདེབས་པ་ཡིན། "བདག་ནི་ཟས་དང་སྐོམ་ཅི་འདོད་སྣ་ཚོགས་པ་ཉིད་དུ་གྱུར་ཏེ་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ནུས་པར་གྱུར་ཅིག"[༤] ཅེས་ཏེ་སྟོན་པའི་སྐྱེས་རབས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བླངས་ནས་ཟས་སྐོམ་གྱི་ཆར་ཕབ་པ་བཞིན་དུ་འགྱུར་བར་སྨོན་པ་ཡིན། རྒྱུ་སྐར་དུ་བསྔོ་བ། "ཟས་དང་སྐོམ་གྱི་ཆར་ཕབ་སྟེ་བཀྲེས་དང་སྐོམ་པའི་གནོད་པ་བསལ་བར་བྱའོ། །མུ་གེའི་བསྐལ་པ་བར་མའི་ཚེ་བདག་ནི་ཟས་དང་སྐོམ་དུ་གྱུར་ནས་དེ་དག་གི་བཀྲེས་སྐོམ་སེལ་ནུས་པར་གྱུར་ཅིག"[༥] ཅེས་གསུངས། "དེང་སང་རང་རེས་ནད་མཚོན་མུ་གེའི་བསྐལ་པ་བར་མ་དེ་དང་དེར་མི་སྐྱེ་བའི་ཆེད་དུ་དཀོན་མཆོག་རིན་པོ་ཆེའི་ཞིང་ལ་རིམ་པར་སྨན་གྱི་རིགས་རྣམས་དང་མཚོན་ཆའི་རིགས་དང་དགེ་འདུན་པ་སོགས་ལ་ཟས་སྐོམ་ཕུལ་སྟེ་རང་གཞན་སེམས་ཅན་ཐམས་ཅད་དེ་དང་དེར་མི་སྐྱེ་བའི་སྨོན་ལམ་གདབ་པར་བྱ་དགོས།"[༦] ཞེས་གསུངས་པ་ལྟར་མུ་གེའི་བསྐལ་པ་དེ་དང་དེར་སྐྱེ་བ་ལེན་མི་དགོས་པའི་ཆེད་དུ་བཅོས་ཐབས་ཀྱང་གང་ཡིན་འདེགས་དགོས།
བསྡུས་དོན།
[རྩོམ་སྒྲིག]མུ་གེའི་བསྐལ་པ་ནི་བསྐལ་པ་བར་མ་གསུམ་ལས་མཐའ་མར་འབྱུང་བ་ཞིག་སྟེ། ཚེ་ལོ་བཅུ་པའི་དུས་སུ་ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་རིང་ལ་འཇིག་རྟེན་དུ་ཟས་སྐོམ་ཅི་ཞིག་ཀྱང་མེད་པར་གྱུར་ཏེ་སེམས་ཅན་རྣམས་བཀྲེས་སྐོམ་གྱིས་ཤིན་ཏུ་མནར་ནས་འཆི་བར་འགྱུར་བའི་བསྐལ་པ་ཞིག་ལ་ཟེར། གཞན་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་དེར་སེམས་ཅན་གྱི་བཀྲེས་སྐོམ་ཞི་བར་བྱེད་ནུས་པར་སྨོན་ལམ་འདེབས་པ་དང་། ད་ལྟ་ཡང་བསྐལ་པ་དེ་དང་དེར་སྐྱེ་བ་ལེན་མི་དགོས་པའི་ཆེད་དུ་དཀོན་མཆོག་རིན་པོ་ཆེ་དང་དགེ་འདུན་ལ་ཟས་སྐོམ་ཕུལ་ནས་སྨོན་ལམ་གདབ་དགོས་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།