མིའི་ལུས་སྟེང་ལ་དུག་འདེབས་མཁན་གྱི་སྨན་པ་དང་དེའི་དུག་རྫས་ཁག

ཡོང་ཁུངས་Wikipedia
 དེང་སང་དངོས་པོའི་དཔལ་འབྱོར་དར་རྒྱས་བྱུང་ནས་ཀུན་གྱིས་ལུས་ལ་མི་བདེ་བ་བྱུང་ན་དུས་ཐོག་ཏུ་སྨན་པར་བསྟན་ནས་གསོ་བཅོས་བྱེད་པའམ་སྨན་གང་རུང་ཉོས་ཏེ་འཐུང་བ་ནི་བདེ་ཐང་གི་གོ་རྟོགས་ཇེ་ཆེར་སོང་བའི་རྟགས་སུ་ཤེས་པས་ཅུང་དགའ་བའི་གནས་སུ་འདུག་མོད། འོན་ཀྱང་མང་ཚོགས་ཕལ་ཆེ་བའི་གསོ་རིག་གི་ཤེས་བྱའམ་བདེ་ཐང་སྐོར་གྱི་གནས་ཚུལ་ངོ་མ་ལ་རྒྱུས་ལོན་བྱས་པ་མི་འདང་བས་རྐྱེན་གྱིས་ལུས་ན་བ་ཙམ་གྱིས་༼ཐ་ན་ཆམ་པ་དྲོས་འཁྱག་ཙམ་ལའང༽གནམ་ཁབ་རྒྱག་པར་གོམས་ཡོད་ལ་སྒེར་གྱི་སྨན་པ་མི་ཉུང་བ་ཞིག་གིས་ཀྱང་ནད་པ་གང་ལའང་གནམ་ཁབ་རྒྱག་ཅིང་གནམ་ཁབ་ལའང་སྲིན་འགོག་གི་སྨན་རྫས་དང་གཟེར་འཇོམས་ཀྱི་སྨན་རྫས། ཡང་ན་སྐུལ་རྩིའི་སྨན་རྫས་སོགས་བཀོལ་བར་བྱེད། སྨན་རྫས་དེ་དག་ཀྱང་ལུགས་མཐུན་གྱིས་བཀོལ་བ་ལྟ་ཅི་ཐ་ན་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཐུན་ཚད་དང་ཉིན་གྲངས་ལས་བརྒལ་ཏེ་ཁྲིམས་འགལ་སྒོས་ནད་པར་སྤྱོད་ཀྱིན་ཡོད། དེ་ལ་ཅི་ཡང་མི་ཤེས་པའི་མང་ཚོགས་ཚོས་སྨན་པ་ཅིག་ཅིག་ཉིག་ཉིག་གི་སྨན་བཟང་གི     སྨན་པ་ངར་གི   གནམ་ཁབ་དམ་བུ་གང་གིས་དྲགས་ཐལ་སོགས་ཟེར་བཞིན་སྨན་པར་ཡིད་ཆེས་དང་དད་པ་བྱེད་ཀྱིན་ཡོད། བོད་རང་ས་རང་ཡུལ་གྱི་སྒེར་སྒྲུབ་སྨན་ཁང་གཙོས་པའི་སྨན་པ་དེ་ཚོ་ཕལ་ཆེ་བ་རང་གི་ས་གནས་ཀྱི་བོད་རིགས་སྨན་པའི་མིང་ཙམ་འཛིན་པ་ཡིན་པ་མང་དུ་མཐོང་ལ་གསོ་རིག་གི་སློབ་ཐོན་ལག་ཁྱེར་དངོས་མ་དང་སློབ་གྲྭ་ཆེན་མོ་བ་དངོས་མ། སྨན་པའི་ཐོབ་ཐང་དངོས་མ་སོགས་ཡོད་མཁན་མང་པོ་མེད་ལ་ཕྱི་ལུགས་གསོ་རིག་མ་ལག་རང་བཞིན་གྱིས་སློབ་སྦྱོང་བྱས་མྱོང་བའང་རེ་ཟུང་ལས་རྫུན་མའི་ཐོབ་ཐང་ཅན་མང་ལ་དེའི་ཕྱོགས་ཀྱི་ཡོན་ཏན་ཅན་ཡང་ཉུང་ཉུང་ཡིན་པ་ང་ཚོས་མཛུབ་མོ་བཀུག་ནས་རྩིས་དང་ཆོག ༼འདིར་བཤད་པའི་རྫུན་མ་དག་ནི་དཔང་ཡིག་རྫུན་མ་ཅན་ཁོ་ན་མིན་པར་དཔང་ཡིག་གང་རུང་དངོས་མ་ཡིན་ཀྱང་དེ་ལ་ཚུལ་ལྡན་གྱིས་སློབ་གཉེར་སོགས་མ་བྱས་པར་ཐབས་སྣ་ཚོགས་ལ་བརྟེན་ནས་ཐོབ་པའི་དཔང་ཡིག་ལའང་གོ༽གཞན་ཡང་རྒྱ་ཡིག་ཅི་ཡང་མི་ཤེས་པའི་གནས་ཚུལ་འོག་ཕྱི་ལུགས་ཀྱི་སྨན༼ཁ་སྐད་ཀྱི་རྒྱ་སྨན༽སྟེར་བ་དང་༼མིག་སྔར་ད་དུང་རྒྱལ་ནང་ནས་ཕྱི་ལུགས་གསོ་རིག་སློབ་ན་རྒྱ་ཡིག་གི་ལམ་ཁོ་ན་ཡིན་པས་རྒྱ་ཡིག་མ་ཤེས་པར་ཕྱི་ལུགས་གསོ་རིག་ཤེས་ཐབས་བྲལ་བ་ཡིན་ནོ།༽གནམ་ཁབ་རྒྱག་བཞིན་ཡོད་པར་མ་ཟད་ཐ་ན་གཤག་བཅོས་༼བསེ་དྲི་ལེན་པ་དང་མཚན་ཤུབས་བཤུ་བ། རྒྱུ་ལྷག་གཅོད་པ༽ཀྱང་བྱེད་ཁུལ་བགྱི་བཞིན་ཡོད་པ་དང་། བོད་སྨན་ལ་ཕྱི་ལུགས་ཀྱི་གཟེར་འཇོམས་སྨན་རྫས་དང་སྐུལ་རྩི་བསྲེས་བཞིན་ཡོད་པའང་དངོས་སུ་མཐོང་ངོ། འོ་ན་དེ་ཚོས་ཁྲིམས་འགལ་བྱེད་པར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ལྟ་རྟོག་དང་ཁྲིམས་སུ་མི་སྦྱོར་རམ་ཟེར་ན་དེ་ལྟ་བུའི་ཁྲིམས་འགལ་ལུགས་མེད་ཀྱི་སྙིང་སྟོབས་དང་ནུས་པ་ཡོད་མཁན་དག་ལ་གཞའ་ས་དང་ཡིབ་ས་བརྩན་པོ་རེ་ཡོད་པ་ཤུགས་ཀྱིས་ཤེས་ཐུབ་པ་ཡིན། གང་ལྟར་འདིར་བཤད་འདོད་པ་ནི་སྤྱིར་གནམ་ཁབ་ཀྱི་གནོད་སྐྱོན་དང་གཅིག   སྲིན་འགོག་སྨན་རྫས་ཀྱི་གནོད་སྐྱོན་དང་གཉིས།   སྐུལ་རྩིའི་སྨན་རྫས་ཀྱི་གནོད་པ་དང་གསུམ།  རྒྱལ་ཁབ་ཀྱི་སྨན་རྫས་ཁྲིམས་ལུགས་དང་བཞི།  གནམ་ཁབ་མི་བཟང་ན་གསོ་ཐབས་གང་ཞིག་གདམ་འོས་པ་དང་ལྔའོ།།

དང་པོ། སྤྱིར་གནམ་ཁབ་ཀྱི་གནོད་པ།

      གནམ་ཁབ་ལ་ཆུ་ཁབ་ཀྱང་ཟེར། རང་རྒྱལ་གྱི་མི་ཀུན་ལ་ཆ་རྒྱུས་ཡོད་པའི་གསོ་ཐབས་ཤིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པར་ཀྲུང་གོ་ནི་གནམ་ཁབ་རྒྱག་པར་དགའ་བའི་རྒྱལ་ཁབ་ཆེན་པོ་ཞིག་སྟེ་འཛམ་གླིང་གི་སུམ་ཆའི་གཅིག་ཙམ་ཟིན། ཀྲུང་གོའི་མིས་ལོ་རེར་གནམ་ཁབ་ཉུང་མཐའ་ཡང་དམ་བུ་བརྒྱད་རེ་རྒྱག་པ་དང་དེ་འཛམ་གླིང་གི་ཆ་སྙོམས་མི་རེའི་ལོ་རེར་གནམ་ཁབ་དམ་བུ་2.5--3.3རྒྱག་པ་ལས་བརྒལ་ཡོད། སྤྱིར་གནམ་ཁབ་ནི་སྨན་པ་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་མཇུག་མཐའི་གསོ་ཐབས་ཤིག་ཡིན་པ་ལས་རྒྱུན་བཀོལ་གསོ་བཅོས་ཀྱི་ཐབས་ལམ་མིན་པས་དེའི་གནོད་སྐྱོན་གཤམ་གསལ་ལྟར།

༡ གནམ་ཁབ་རྒྱབ་ན་ཁྲག་རྒྱུན་ནང་གི་ཞུ་མི་ཐུབ་པའི་དངོས་པོ་ཆུང་ངུ་ཇེ་མང་དུ་འགྱུར་འགྲོ ༢གནམ་ཁབ་ཀྱིས་ནད་འགོག་ནུས་པ་ཇེ་ཞན་དང་ནད་འབུའི་འགོག་ཤུགས་ཇེ་ཆེར་སོང་ནས་སྨན་བཅོས་བཅོས་ངོ་མི་ལོན་པའི་གོམས་ལོབ་ཀྱི་ཤུགས་རྐྱེན་འབྱུང་། ༣གནམ་ཁབ་ཀྱིས་ལུས་ཕུང་རང་སྟེང་གི་ལུས་ཕུང་ལ་མཁོ་བའི་ཕྲ་སྲིན་གསོད་པར་བྱེད་པས་བཙོག་སྐྱོན་ནམ་རེད་པ་འབྱུང་སྲིད། ༤གནམ་ཁབ་དེ་ཁོང་སྨན་ལས་སྨན་ལོག་སྟེ་སྨན་མི་འཕྲོད་པ་འབྱུང་སླ། ༥གནམ་ཁབ་ཀྱི་སྨན་ནུས་སྡེབ་མ་ཤེས་ན་ལུས་ཀྱི་གློག་འབྱེད་རྒྱུ་དང་གཏིང་གསལ་གནོན་ཤུགས་སོགས་ཀྱི་དོ་མཉམ་ལ་གནོད་སྐྱོན་བཟོ་སྲིད་པ་སོགས་མང་ངོ་།།༼གཤམ་དུ་རྒྱ་ཡིག་གི་འབྲེལ་ཡོད་ཡིག་ཆ་བཀོད་ཡོད།༽ གཉིས་པ། སྲིན་འགོག་སྨན་རྫས་ཀྱི་གནོད་སྐྱོན།

     སྲིན་འགོག་གི་སྨན་མང་པོ་སྤྱིར་བཏང་དུ་ནད་འབུ་ཕྲ་མོ་སྟེ་ཕྲ་སྲིན་དང་མཱེ་སྲིན་ནམ་ཡང་ན་སྐྱེ་དངོས་ཕྲ་རབ་གཞན་དག་རྒྱུད་འཕེལ་བྱེད་སྐབས་ཀྱི་གོ་རིམ་ནང་ཐོན་སྐྱེད་བྱས་པ་རེད། དེས་སྐྱེ་དངོས་ཕྲ་རབ་རིགས་མཚུངས་ཀྱི་དངོས་རྒྱུ་དང་སྐྱེ་དངོས་རྣམས་གསོད་པའམ་བཀག་འགོག་བྱེད་ཐུབ། ད་ལྟ་སྲིན་འགོག་སྨན་རྫས་ལ་རིགས་འགའ་ཡོད་དེ་ཆིན་མཱེ་སུའུ་རིགས་དང་ཐིག་པོ་ཅོན་སུའུ་རིགས། ཨན་ཅིས་ཐང་ཀན་རིགས། ཏ་ཧོན་ནེ་ཀྲི་རིགས། སི་ཧོན་སུའུ་རིགས། ལོས་མཱེ་སུའུ་རིགས།ལིན་ཁི་ཞན་ཨན་རིགས་སོགས་མང་པོ་ཡོད།

སྲིན་འགོག་སྨན་དེའི་རིགས་ཀྱི་གནོད་པ་ནི་གཤམ་ལྟར། ༡སྲིན་འགོག་སྨན་རྫས་དུས་ཡུན་རིང་བོར་བཀོལ་ན་སྨན་ལོག་འབྱུང་ཞིང་ཐེངས་རྗེས་མར་དེ་བཀོལ་ཡང་བཅོས་ངོ་མི་ལོན། ༢སྲིན་འགོག་སྨན་གྱིས་ལུས་ཕུང་ལ་མཁོ་བའི་ནད་འབུ་གསོད་པར་བྱེད་པས་རེད་སྐྱོན་ཚབས་ཆེན་འབྱུང་། ༣དུས་ཡུན་རིང་བོར་བཀོལ་ན་ཕྲ་སྲིན་ཀྱི་འཕེལ་འགྱུར་ཇེ་མགྱོགས་ལ་འགྲོ་བས་ཕྲ་སྲིན་ལ་སྨན་ལོབ་པར་འགྱུར་བ་དང་སྨན་གྱིས་གོ་མི་ཆོད། ༤སྲིན་འགོག་སྨན་འགའ་རྒྱུན་དུ་བཀོལ་ན་སྨན་ལོག་རང་བཞིན་གྱིས་རྣ་བས་མི་ཚོར་བ་དང་མཁལ་མའི་ནུས་པ་ཉམས་འགྲོ

གསུམ་པ། སྐུལ་རྩིའི་སྨན་རྫས་ཀྱི་གནོད་སྐྱོན།

         སྐུལ་རྩི་ལ་མཚན་མའི་སྐུལ་རྩི་དང་མཁལ་སྟེང་བཤེར་མའི་སྐུལ་རྩི་སོགས་ཡོད་ལ་དེ་དག་གིས་བཟོས་པའི་སྨན་རྫས་ལ་ཆིང་ཧྭ་ཁི་ཏུས་སུང་གི་རིགས་དང་ཚུའུ་སོན་ཆུ་ཨན་ནེ་ཏིག་གི་རིགས། སུ་ཧོན་སུའུ་ཚུའུ་སོན་ཁི་ཏུས་སུང་གི་རིགས་སོགས་སོ།

དེ་དག་སྨན་ལོག་འགོག་པ་དང་ཟ་འཕྲུག་སེལ་བ། གཉན་ཚད་འཇགས་པ་སོགས་སུ་བཀོལ་བ་དང་ཁྱད་པར་པགས་ནད་ལ་བཀོལ་མང་མོད་དེའི་རིགས་ལ་འཛམ་གླིང་གི་གསོ་རིག་ཆེད་མཁས་པས་ཞིབ་འཇུག་ལྟར་ན་ཞོར་སྐྱོན་མང་པོ་བཤད་ཡོད་པས་འདི་ལ་འཕྲོད་བསྟེན་རྩ་འཛུགས་ཚང་མས་དོ་སྣང་བྱེད་ཀྱིན་ཡོད། དེ་ལ་མདོར་བསྡུས་ན་དེའི་གནོད་པ་དག་གཤམ་གསལ་ལྟར། ༡ ལུས་ལ་རྒྱུན་ལྡན་མིན་པའི་ཚོ་འབུད་པ། ༼ཤ་རྒྱགས་པོར་འགྲོ་བ།༽ ༢ རུས་པ་སྙི་མོའམ་སོབ་སོབ་ཏུ་འགྱུར་བ། ༣ནད་འགོག་ནུས་པ་ཇེ་ཞན་ནམ་ཟད་པ་དང་ཁྲག་མངར་འཕེལ་བ། གློག་འབྱེད་རྒྱུ་འཁྲུགས་པ། ༤བྱིས་པའི་བདེ་ཐང་གི་འཚར་ལོངས་ལ་གནོད་པ། ༥ ཕོ་བར་གནོད་པ། མཚན་མའི་དབང་བོའི་ནུས་པ་ཉམས་པ་དང་མིག་དབང་ལ་གནོད་པ་སོགས་མང་ངོ་། བཞི་བ། རྒྱལ་ཁབ་ཀྱི་སྨན་རྫས་ཁྲིམས་ལུགས།

          སྐུལ་རྩིའི་སྨན་རྫས་གནས་ཚུལ་ཐབས་སྡུག་གི་འོག་ལས་གཏན་ནས་བཀོལ་མི་ཆོག་པ་དང་སྲིན་འགོག་གི་སྨན་ཉིན་གསུམ་ལས་རྒྱབ་མི་ཆོག་པ། གནམ་ཁབ་སྐོར་ཀྱི་འཛེམ་བྱ་དང་ཐུན་ཚད། གཙང་སྦྲ་སོགས་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འཁེལ་ཧ་ཅང་མང་མོད་སྐབས་འདིར་ཡིག་ཚོགས་མང་འགྲོ་བས་རྗེས་སོར་གོ་སྐབས་དང་བསྟུན་ནས་གཞན་དུ་འགོད་པར་བྱ།

ལྔ་བ། འོ་ན་ང་ཚོས་གང་བསྟེན་འོས་པ།

       གོང་གསལ་དག་ལ་མཉམ་འཇོག་དགོས་ཚེ།འོ་ན་ང་ཚོས་བདེ་ཐང་དང་ནད་གསོ་བཅོས་ལ་ཅི་ལྟར་བྱས་ན་བཟང་ངམ་ཟེར་ན། དུས་རྒྱུན་ཟས་རིགས་ཀྱི་སྤང་བླང་ལ་ཆེད་མཁས་པར་འདྲི་རྩད་བྱས་ནས་འདྲ་མི་འདྲ་དགོས་མི་དགོས་དག་མི་བཟའ་བ། སྤྱོད་ལམ་ཀྱང་དེ་བཞིན་རེད། སྨན་ལ་སྲིན་འགོག་དང་སྐུལ་རྩི་མིན་པའི་རིགས་སྨན་པ་ཡང་དག་པ་ལ་དྲིས་ཏེ་བསྟེན་པ། རབ་ཡིན་ན་རང་བྱུང་སྨན་རྫས་ཏེ་བོད་སྨན་དག་མ་དང་ཀྲུང་སྨན་༼རྒྱ་ནག་གི་སྨན༽ སོགས་སྲོལ་རྒྱུན་ཁུངས་དག་གི་སྨན་རྣམས་བསྟེན་ནས་གོང་གི་ཟས་དང་སྤྱོད་ལམ། སྨན་གསུམ་གྱིས་ནད་དྲགས་ཐབས་བྱ་བ་ནི་ཆེས་ལེགས་པོ་ཡིན། གལ་སྲིད་དེས་ཀྱང་མ་ཐུབ་ན་གཤག་བཅོས་བྱེད་དགོས་པ་ལས་ནད་ཆེ་ཆུང་གང་རུང་དང་ནད་བྱུང་མ་ཐག་གཤག་བཅོས་བྱེད་པ་ནི་གླེན་རྟགས་ཁོ་ན་ཡིན་ཞེས་ཕྱི་རྒྱལ་དང་རང་རྒྱལ་གྱི་གསོ་རིག་མཁས་པ་ཀུན་གྱིས་གསུངས་བཞིན་པ་ལྟར་རོ།།༼ཟས་སྤྱོད་ཀྱི་སྤང་བླངས་སྐབས་རྗེས་མར་མུ་མཐུད་འབྲི་རྒྱུ་ཡིན།༽
    མཇུག་མཐར་ནད་པ་ཡོངས་ཀྱི་གདམ་ཀ་མི་ནོར་བར་རང་ཉིད་ལ་ཤ་ཚ་གཅེས་སྤྲས་སྒོས་གསོ་བཅོས་ཀྱི་ཐབས་ཡང་དག་བསྟེན་པ་དང་།  ཐམས་ཅད་ལ་ཉེ་རྒྱུའི་ནད་མི་འབྱུང་ཞིང་རིང་རྒྱུའི་དུག་དང་རབ་ཏུ་བྲལ་ནས་འཆམ་མཐུན་ཞི་བའི་དཔལ་ལ་གནས་པར་ཤོག་ཅིག་གུ  །  །