མིའི་ཉི་མ་མཐོང་བ་དོན་ལྡན།
མཐོང་རིས་
མིའི་ཉི་མ་མཐོང་བ་དོན་ལྡན།
[རྩོམ་སྒྲིག]མཚན་གཞན་བྱམས་པ་དཀོན་མཆོག་རིན་ཆེན་མཆོག་ནི་སྔར་བོད་ཀྱི་ཆོས་རྒྱལ་གྱི་གདུང་རྒྱུད་གྲགས་པ་བསོད་ནམས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་སྐུ་བལྟམས། སྐུ་ཆུང་སྲིད་ནས་ཡོན་ཏན་ལ་དད་བརྩོན་ཆེ་ཞིང་། དབུལ་ཕོངས་དང་དམན་པ་རྣམས་ལ་ཐུགས་བརྩེ་དང་སྙིང་རྗེ་ཆེ་བའི་བྱང་སེམས་ལྡན་པས་ཀུན་གྱི་བཀུར་ཡུལ་དུ་གྱུར། ཡི་གེ་འབྲི་ཀློག་སྦྱོང་སྐབས་སྙིང་རུས་ཆེ་ལ་ཐུགས་རིག་ཤིན་ཏུ་སྐྱེན། དགུང་ལོ་བཅུ་ཡས་མས་སུ་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་། ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བདག་པོ་རིག་ལྡན་རྣམ་རྒྱལ་གྲགས་བཟང་སོགས་བསྟེན་ནས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་སོགས་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་བོད་གངས་ཅན་གྱི་ཡུལ་འདིར་དར་རོ་ཅོག་གི་གསོ་དཔྱད་མཐའ་དག་ལ་མཁྱེན་པ་རབ་ཏུ་བརྟས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། སློབ་མ་རྣམས་ལ་བྱམས་ཤིང་ཐུགས་བརྩེ་ཆེ་བས་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་བསླབས། ནད་པ་ལ་སྙིང་རྗེ་དང་ངང་རྒྱུད་འཇམ་ཞིང་མཆོག་དམན་དབྱེར་མེད་དུ་འབད་པས་གསོ་བར་མཛད། 《གསོ་དཔྱད་ཀྱི་རྒྱལ་པོ།》དང་།《རྒྱུད་བཞིའི་འགྲེལ་པ།》《བཀོད་པ་རྣམ་བཞི།》《མ་ལ་ཡའི་བཀའ་འགྲེལ་འདོད་འཇོ་ཆེ་ཆུང་།》《གསོ་དཔྱད་ཀྱི་རྒྱལ་པོ།》《ངོ་མཚར་སྤྱི་སྨན་རྩ་མདོའི་འགྲེལ་པ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་》སོགས་སྨན་དཔེ་མང་པོ་ཕྱག་རྩོམ་མཛད་ཡོད་པ་བཅས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐད་བྱང་བདག་པོ་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་ཐུན་མོང་མིན་པ་རྒྱུན་འཛིན་འཕེལ་རྒྱས་གཏོང་བར་ཕྱག་རྗེས་ཤིན་ཏུ་ཆེའོ། ། (འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད་རུང་དམ་པ་འདི་ཉིད་བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཐུགས་སྲས་ཡིན་པས་བོད་རབ་བྱུང་བདུན་པའི་ནང་བྱོན་པར་སྣང་།)