མིག་དམར་རྒྱལ་མཚན།
མིག་དམར་རྒྱལ་མཚན།
[རྩོམ་སྒྲིག]དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་ཙམ་ལ་རྩེད་ཐང་དུ་འཁྲུངས་ཤིང་། ཁོང་ནི་ལྷ་མོ་བ་གྲགས་ཅན་ཞིག་ཡིན་ལ་སྐྱོར་མོ་ལུང་གི་སྐད་གྲགས་ལྡན་པའི་དགེ་རྒན་ཞིག་ཡིན། ཁོང་ཆུང་དུས་ནས་གཞས་དང་ཞབས་བྲོར་དགའ་སྣང་ཆེ་བས་ཧ་ཅང་མཁས་པོ་ཡོད་སྟབས་ལོ་ལྔ་དྲུག་ཙམ་ནས་རྩེད་ཐང་ལྷ་མོ་བའི་འཁྲབ་རྭའི་ནང་བསྐྱོད་ནས་རང་འགུལ་གྱིས་གཞས་དང་ཞབས་བྲོའི་རམ་འདེགས་བྱས་པས་མཐར་ཚོགས་པ་དེའི་འཁྲབ་སྟོན་པ་ཆུང་ཆུང་དུ་དངོས་སུ་བཅུག ལོ་ཤས་སོང་རྗེས་དེ་བས་ཡར་རྒྱས་ཤིན་ཏུ་ཆེན་པོ་བྱུང་སྟེ་རྩེད་ཐང་ལྷ་མོ་བའི་དགེ་རྒན་གྱི་འགན་བཞེས་པ་མ་ཟད། ལྔ་མཆོད་གྲྭ་ཚང་གི་ལྷ་མོ་ཚོགས་པའི་གནས་སྐབས་དགེ་རྒན་གནང་ནས་ཚོགས་པ་དེའི་འཁྲབ་རྩལ་ཡར་རྒྱས་ཆེན་པོ་བྱུང་བར་བརྟེན་མིག་དམར་རྒྱལ་མཚན་གྱི་མཚན་སྙན་ཇེ་ཆེར་ཁྱབ། རྗེས་སུ་སྐྱོར་མོ་ལུང་གི་དགེ་རྒན་རིག་པ་ལགས་བསྟེན་ནས་ལྷ་མོའི་སྒྱུ་རྩལ་སློབ་སྦྱོང་བྱས་མཐར་དགེ་རྒན་རིག་པ་ལགས་འདས་རྗེས་མིག་དམར་རྒྱལ་མཚན་གྱིས་ལྷ་མོ་ཚོགས་པའི་འགན་བཞེས་གནང་ཐོག་སྔ་རྗེས་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་གཙོ་བོ་དང་དགེ་རྒན་ལོ་སུམ་ཅུ་ལྷག་ཙམ་གནང་ཞིང་། སྐྱོར་མོ་ལུང་གི་ལྷ་མོ་ཚོགས་པའི་རྒྱ་ལུ་བསམ་གྲུབ་དང་། རྒྱ་ལུ་བསྟན་པ། རྒྱ་ལུ་ཚེ་བརྟན། ལེགས་ལྡན་དཔའ་བོ། འཕན་པོ་ཨ་ཁུ་བསྟན་པ། ཨ་མ་ཚེ་རིང་སོགས་དང་ད་དུང་སྨོན་གྲུབ་སྦུག་ཐུབ་བསྟན་རྒྱལ་པོ་སོགས་གྲགས་པ་ཆེ་ཙམ་ཡོད་པ་རྣམས་གཙོ་བོ་མིག་དམར་རྒྱལ་མཚན་དགེ་རྒན་ལ་བསྟེན་ནས་བྱུང་བ་ཤ་སྟག་ཡིན། མིག་དམར་རྒྱལ་མཚན་དགུང་ལོ་ལྔ་བཅུ་སོན་ཙམ་ལས་བཞུགས་མེད་ཀྱང་ཁོང་གི་སྐུ་ཚེ་གཅིག་གི་རིང་བོད་ཀྱི་ལྷ་མོའི་འཁྲབ་གཏོང་གསར་བཅོས་དང་ཡར་རྒྱས་གོང་འཕེལ་གཏོང་གནང་མཛད་དེ་ལྷ་ས་གཙོ་བོར་གྱུར་པའི་བོད་དབུས་ཕྱོགས་སུ་སྐད་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན། མཐར་རབ་བྱུང་བཅུ་དྲུག་པའི་ས་སྟག་( ༡༩༣༨ )ལོའི་ཡས་མས་སུ་དགའ་ལྡན་ལ་ཞོལ་གཙང་ལྟོགས་སུ་འདསཤིང་། སྐབས་དེར་སྐྱོ་མོ་ལུང་ལྷ་མོ་ཚོགས་པའི་འཁྲབ་སྟོན་མང་ཆེ་བ་ལྷོ་ཁ་མཚོ་སྣ་རྫོང་དུ་འཁྲབ་སྟོན་བྱེད་བཞིན་ཡོད་ན་ཡང་བཀའ་ཤག་ནས་ཚང་མ་ཚུར་ལོག་དགོས་པའི་བཀའ་ཕབ་སྟེ་སྙན་གྲགས་ཆེ་བའི་དགེ་རྒན་དང་འགོ་ཁྲིད་གཅིག་ལྕོགས་འདས་པོ་དེར་མྱ་ངན་ཞུ་རུ་བཅུག་ཡོད། །