Jump to content

མི་ཤེས་པའི་རྒྱུ་བཞི།

ཡོང་ཁུངས་Wikipedia

མི་ཤེས་པའི་རྒྱུ་བཞི།

[རྩོམ་སྒྲིག]

སངས་རྒྱས་ཀྱི་ཆོས་མི་ཤེས་པ་དང་། ཡུལ་གྱིས་བསྐལ་བ། དུས་ཤིན་ཏུ་བསྐལ་བ། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་བཅས་ནི་མི་ཤེས་པའི་རྒྱུ་བཞིའོ། ། དེ་བཞི་ལས་སངས་རྒྱས་ཀྱི་ཆོས་མི་ཤེས་པ་ནི། ངོ་བོའི་སྒོ་ནས་བསྐལ་བ་མི་ཤེས་པ་སྟེ། དངོས་པོའི་རང་བཞིན་ཕྲ་བའི་དབང་གིས་རྟོགས་དཀའ་བ། དཔེར་ན། གནས་བརྟན་ཤཱ་རིའི་བུས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མི་ཤེས་པ་ལྟ་བུའོ། ། ཡུལ་གྱིས་བསྐལ་བ་མི་ཤེས་པ་ནི། ཡུལ་ཐག་རིང་བའི་དབང་གིས་རྟོགས་དཀའ་བ། དཔེར་ན། གནས་བརྟན་མོའུ་འགལ་གྱི་བུས་རང་གི་མ་བྱང་ཕྱོགས་འོད་ཟེར་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་མི་ཤེས་པ་ལྟ་བུའོ། ། དུས་ཀྱིས་བསྐལ་བ་མི་ཤེས་པ་ནི། དུས་ཡུན་རིང་བའི་དབང་གིས་རྟོགས་དཀའ་བ། དཔེར་ན། ཤཱ་རིའི་བུས་དགེ་སློང་ལེགས་སྐར་གྱི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་མ་མཐོང་བ་ལྟ་བུའོ། ། དོན་རབ་ཏུ་མཐའ་ཡས་པས་མི་ཤེས་པ་ནི། དོན་གྱི་དབྱེ་བ་ཤིན་ཏུ་རྒྱ་ཆེ་བས་རྟོགས་དཀའ་བ། དཔེར་ན། མོང་འགལ་གྱི་བུས་སེམས་ཅན་གྱི་ཁམས་དང་། འགྲོ་བ། སྐྱེ་གནས། སྐྱེ་བ་ལ་སོགས་པའི་བྱེ་བྲག་སྣ་ཚོགས་མི་ཤེས་པ་ལྟ་བུའོ། ། འདི་བཞི་ནི་བྱེ་མདོ་གཉིས་ཀྱི་ལུགས་སུ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡིན་པར་འདོད་དོ། །