མི་རྟག་པའི་སྐུལ་འདེབས་

ཡོང་ཁུངས་Wikipedia

༄༅། །དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་སྐུལ་འདེབས་བཞུགས་སོ། །ངོ་སྤྲོད་ལྷན་ཐབས་སྐོར་གཉིས་པའོ། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་སྐུལ་འདེབས་འདི་ལ། རྡོ་རྗེ་སློབ་དཔོན་གྱིས་མི་རྟག་པའི་ངོ་སྤྲོད་རྣམས་གསུངས་པའི་རྗེས་སུ། དུར་ཁྲོད་ཀྱི་གཟུགས་བརྙན་ཡོད་པའི་སྟེགས་བུའི་ཕྱོགས་གསུམ་ལ་བམ་རོ་གསུམ་བརྩེགས་སམ་གཉིས་བཞག ཕྱོགས་གཅིག་ལ་བླ་མའི་བཞུགས་གདན་བྱས་ལ་བླ་མ་བཞུགས། རོའི་བདག་པོ་རྒན་མོའི་ཚུལ་དང་། གཅོད་པ་དང་། དུར་ཁྲོད་བྱ་དང་། གང་འོས་པ་རྣམས་སླེབ་པ་དང་། དེ་ནས་རྒན་མོས་བླ་མ་དེ་ལ་ཕྱག་གསུམ་འཚལ་ནས་ཞུམ་པའི་ཚུལ་དུ་ཞུ་བ་ནི། ཨེ་མ། མཚན་ལྡན་བླ་མ་རིན་པོ་ཆེ། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །རྒན་མོ་སྡུག་རྒན་བདག་ཅག་ལ། །བུ་ཚ་མིང་སྲིང་གསུམ་ཡོད་པ། །སྔོན་ལས་ཡིན་ནམ་ཕྲལ་རྐྱེན་ཡིན། །སྔར་གོང་ན་ཚ་མེད་པ་ལ། །ཁར་སོང་བུ་ཚ་གསུམ་པོ་ཤི། །བདག་ཅག་སྐྱོ་བ་ཤིན་ཏུ་སྐྱེས། །ཕྱི་མར་དགོས་པའི་ཆོས་ནི་མེད། །ཚེ་འདིར་དགོས་པའི་བུ་ནི་མེད། །ཨ་ཙ་མ་ན་བྱ་ཐབས་མེད། །བསམ་ཞིང་བསམ་ཞིང་སྡུག་བསྔལ་ཆེ། །བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །ད་རུང་བླ་མ་རིན་པོ་ཆེ། །ཚེ་འདས་འདི་རྣམས་སྙིང་རྗེ་བས། །རིགས་དྲུག་གནས་ནས་འདྲེན་པ་དང་། །ཐར་པའི་ལམ་ལ་དྲང་དུ་གསོལ། །རྒན་མོ་ཆོས་མེད་བདག་ཅག་ལ། །སེམས་ཀྱི་བཞག་ཐབས་གསུང་དུ་གསོལ། །ཚེ་འདིར་སྐུ་དྲིན་མ་འཁོར་ཡང་། །ཕྱི་མ་འཁོར་བར་སྨོན་ལམ་འདེབས། ། ཞེས་ཞུས་པ་དང་། བླ་མས་གསུངས་པ། ཉོན་ཅིག་རྒན་མོ་དད་སེམས་ཅན། །བུ་ཚ་མིང་སྲིང་གསུམ་པོ་ཡང་། །ལས་ཀྱི་འབྲེལ་བས་བུ་ཚར་སྐྱེས། །རྣམ་སྨིན་ཐམས་ཅད་ལས་ལས་བྱུང་། །ལས་དབང་ཆུ་ཀླུང་ག་ལ་ལྡོག །འདུས་བྱས་ཐམས་ཅད་མི་རྟག་པས། །སྡུག་བསྔལ་བྱས་པས་ཕན་པ་མེད། །བདེ་དང་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་སེམས་ལ་ཚུར་ལྟོས་ཤིག །སེམས་ཀྱི་རང་བཞིན་སྤྲོས་དང་བྲལ། །དེ་ཡི་ངང་ལ་མཉམ་པར་ཞོག །གདམས་པ་ཡིན་ནོ་སེམས་ལ་ཞོག ། ད་ནི་ཚེ་འདས་ཀྱི་ལམ་སྣ་འདྲེན་པའི་ཐབས་ལ་འབད་པར་བྱའོ། །ཡོ་བྱད་སྟ་གོན་གྱིས་ཤིག ཅེས་གསུངས་པས། རྡོ་རྗེ་དང་དྲིལ་བུ་སྐུ་མདུན་དུ་བཞག དེ་ནས་བླ་མས་ཚེ་འདས་ཀྱི་རྣམ་ཤེས་དགུག་གཞུག་བྱ་བ་ནི། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་རྣམས་ཀྱི་བདེན་པ་ལ་བརྟེན་ནས། ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་བ་གནས་བཞི་འཁོར་བའི་གནས་རིས་གང་ན་ཡོད་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ཉོན་མོངས་དུག་གསུམ་དབང་ཆེ་བས། །ངན་སོང་སྣང་བ་ཤར་སྲིད་པས། །ངན་སོང་སྣང་བ་ཤར་བ་ན། །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་གྱིས། །ངན་སོང་སྡུག་བསྔལ་ཞི་བྱས་ནས༔ ཡི་དམ་ལྷ་ཡི་དྲུང་དུ་ཤོག །ཡང་ཅིག་ཉོན་དང་རིགས་ཀྱི་བུ། །ཁམས་གསུམ་རིགས་དྲུག་བཙོན་ར་ན། །སྡུག་བསྔལ་མི་བཟད་འཇིགས་པ་ཆེ། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་འདི། །བོར་ནས་ཐམས་ཅད་འགྲོ་དགོས་ཤིང་། །འདུས་བྱས་ཐམས་ཅད་མི་རྟག་པས། །དེ་ལ་སེམས་ནི་མ་ཆགས་ཤིག །ཞང་མཚན་ཉེ་དུ་འཁྲུལ་བའི་གཉེན། །འཁྲུལ་བའི་གཉེན་ལ་མ་ཆགས་ཤིག །ཁྱིམ་ཐབས་བཟའ་ཚོ་མཚན་མའི་གནས། །མཚན་མའི་གནས་ལ་མ་ཆགས་ཤིག །བུ་ཚ་བྲན་ཁོལ་སྡང་བའི་དགྲ། །སྡང་བའི་དགྲ་ལ་མ་ཆགས་ཤིག །ཞིམ་རྒུ་དངར་རྒུ་ནད་ཀྱི་རྐྱེན། །ནད་ཀྱི་རྐྱེན་ལ་མ་ཆགས་ཤིག །ཕྱུགས་མ་བ་གླང་རྟ་དང་ལུག །སེར་སྣས་བསགས་པས་འཁྲུལ་བའི་རྒྱུ། ། འཁྲུལ་བའི་རྐྱེན་ལ་མ་ཆགས་ཤིག །གསེར་དངུལ་ཟངས་ལྕགས་སྒྱུ་མའི་ནོར། །སྒྱུ་མའི་ནོར་ལ་མ་ཆགས་ཤིག །རིགས་དྲུག་འདི་ལ་མ་ཆགས་ཤིག །གནས་ངན་འདི་ལ་མ་ཆགས་ཤིག །འཁྲུལ་པ་འདི་ལ་མ་ཆགས་ཤིག །ཨེ་མ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །ཚེ་འདས་རིགས་ཀྱི་བུ་རྣམས་ཀྱང་། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །རྒན་མོ། ད་ནི་རིགས་དྲུག་གིས་གནས་ནས་འདྲེན་ཟིན་གྱིས། བླ་མ་གཅོད་པ་གདན་དྲངས་ལ། བུ་ཚ་མིང་སྲིང་གསུམ་པོ་འདི་གསུམ་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་ཚོགས་བསོག་གི་སྟོན་མོ་གྱིས་ཤིག ཅེས་བླ་མས་གསུངས ། དེ་ནས་རྒན་མོ་གཅོད་པའི་རྩར་འགྲོ་ནས། བླ་མ་གཅོད་པ། བདག་ལ་བུ་ཚ་མིང་སྲིང་གསུམ་ཡོད་པ་ལ། ལས་དབང་གིས་གསུམ་ཀ་ཤི་ནས་སོང་། ད་བླ་མ་གཅོད་པ་ཁྱེད་ཀྱི་ཐུགས་བསྐྱེད་མཛད་ནས། བུ་ཚ་གསུམ་པོའི་ཕུང་པོ་འདི་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཚོགས་བསོག་གི་སྟོན་མོ་ཅིག་མཛད་པར་ཞུ། ཞེས་ཞུ། དེ་ནས་གཅོད་པ་དེས་ན་རེ། འོ་དེ་ལྟར་བྱེད་པས་ཕུང་པོ་འདི་རྣམས་ཕྱི་རོལ་དུ་སྐྱོལ་ཞིག མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་ན་རག་དམྱལ་ཁམས་ཡན་དུ་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་ཚོགས་བསགས་ཐེམ་པར་བྱེད་དོ། །ཕཊ༔ རོ་སྟོད་ཡ་བདུད་རྒྱལ་པོས་ཁྱེར། རོ་སྨད་མ་བདུད་རྒྱལ་མོས་ཁྱེར། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། སོ་སོའི་ཡིད་ལ་གང་འདོད་ཐམས་ཅད་ཁྱེར་ཅིག ཕཊ༔ བམ་རོ་རྣམས་ཕྱིར་ཁུར་རོ། །དེ་ནས་གསོལ་འདེབས་མ་ཎི་དབྱངས་སུ་འདི་ལྟར་བརྗོད་དོ། །ཀྱཻ། འོག་མིན་ཆོས་དབྱིངས་ཕོ་བྲང་དེ་ན། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །སྟུག་པོ་བཀོད་པའི་ཞིང་ཁམས་དེ་ན། དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །མངོན་པར་དགའ་བའི་ཞིང་ཁམས་དེ་ན། སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། །རི་རབ་རི་ཡི་རྩེ་མོ་དེ་ན། སྟོན་པ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །བྱང་ཆུབ་འབྱུང་བའི་ཤིང་དྲུང་དེ་ན། མཁས་པ་ཤྲཱི་སིང་ཧ་ལ་གསོལ་བ་འདེབས་སོ། །བྷ་སིང་ཆེན་པོའི་དུར་ཁྲོད་དེ་ན། པཎ་ཆེན་བི་མ་མི་དྲ་ལ་གསོལ་བ་འདེབས་སོ། །བསམ་ཡས་མཆིམས་ཕུའི་དགེ་གོང་དེ་ན། རྗེ་བཙུན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས་སོ། །གནས་མཆོག་ཆོས་དབྱིངས་ཕོ་བྲང་དེ་ན། མཚུངས་མེད་སུར་ཡཱ་ཙནྡྲ་ལ་གསོལ་བ་འདེབས་སོ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དེ་ན། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །སྐྱེས་ནས་ཤི་བ་མཐོང་བའི་ཚེ་ན། བྱ་རྒྱུད་ཆོས་ལས་མེད་པ་ཅིག་ཤེས་དགོས་སོ། །བསགས་པ་ཐམས་ཅད་ཟད་པ་ཡིན་ཏེ། ནོར་ལ་སྙིང་པོ་མེད་པ་ཅིག་ཤེས་དགོས་སོ། །འདུས་པ་ཐམས་ཅད་བྲལ་བ་ཡིན་ཏེ༔ གཉེན་ལ་གདུང་སེམས་མེད་པ་ཅིག་ཤེས་དགོས་སོ། །ལེ་ལོ་སྙོམ་ལས་བྱེད་པ་རྣམས་ཀྱིས། བརྩོན་འགྲུས་ཆོས་ལ་བྱེད་པ་ཅིག་ཤེས་དགོས་སོ། །གཅིག་ཤི་གཉིས་ཤི་མཐོང་བའི་ཚེ་ན། མི་འགྱོད་འདུན་མའི་ཅི་བསམ་ཅིག་ཤེས་དགོས་སོ། །མི་ལུས་ལན་གཅིག་ཐོབ་དུས་འདི་ལ། ཚེ་དང་སྒྲུབ་པ་མཉམ་པ་ཅིག་ཤེས་དགོས་སོ། །རང་དབང་རང་གིས་ཐོབ་པའི་ཚེ་ན། ཕྱི་མའི་ལམ་སྣ་ཟིན་པ་ཅིག་ཤེས་དགོས་སོ། །བར་དོའི་འཕྲང་དེར་འགྲིམས་པའི་དུས་དེར། མཚན་ལྡན་བླ་མ་དྲན་པ་ཅིག་ཤེས་དགོས་སོ། །སྒྲ་འོད་ཟེར་གསུམ་ཤར་བའི་ཚེ་ན། རང་ངོ་རང་གི་ཤེས་པ་ཅིག་ཤེས་དགོས་སོ། །འདིར་འདུས་མཆེད་དང་ལྕམ་དྲལ་ཐམས་ཅད་ལ། ཕྱི་མ་སངས་རྒྱས་ཐོབ་པ་ཅིག་དགོས་སོ། །བསྔོ་བ་དང་སྨོན་ལམ་བྱ། དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་བསྐུལ་འདེབས་འདི། མེ་མོ་སྦྲུལ་ལོའི་ཟླ་བ་དང་པོ་ལ་བླ་མའི་གདན་ས་རིན་ཆེན་གླིང་དུ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པའི་དགེ་བས། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་སྤྱོད་པར་གྱུར་ཅིག ཤུ་བྷཾ།། །།