Jump to content

མི་རྟག་

ཡོང་ཁུངས་Wikipedia

མི་རྟག་ཅེས་པ་ནི་བོད་བརྡ་ནང་དུ་འགྱུར་བ་དང་འཇིག་པའི་རང་བཞིན་ཅན་གྱི་ཆོས་རྣམས་ལ་གོ་བ་ཞིག་ཡིན། འདུས་བྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་ལ་འགྱུར་བ་དང་འཇིག་པའི་བདག་ཉིད་ཅན་ཡིན་པས་མི་རྟག་པ་ཞེས་བརྗོད། མི་རྟག་པ་ནི་ནང་པའི་ལྟ་གྲུབ་ཀྱི་གཞི་རྩའི་རྣམ་གཞག་ཅིག་ཡིན་ཞིང་། བདེན་པ་བཞིའི་རྣམ་པ་བཅུ་དྲུག་གི་ནང་ནས་སྡུག་བསྔལ་བདེན་པའི་རྣམ་པ་དང་པོ་དེ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

"ཆོས་ཉིད་ཀྱིས་སྐྱེས་པ་འཇིག་པའི་ཕྱིར་མི་རྟག་པའོ། །"[]ཞེས་གསུངས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

རྟག་པ་མ་ཡིན་པ་སྟེ། གཏན་དུ་གནས་པ་མ་ཡིན་པར་འགྱུར་བ་དང་འཇིག་པའི་ཆོས་ཅན་ལ་འཇུག་པ་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

སྐད་ཅིག་མ་རེ་རེ་ལ་འཇིག་ཅིང་འགྱུར་བའི་ཆོས་ཉིད་ལ་བྱ། "མི་རྟག་པ་ནི་འཇིག་པའི་དངོས་པོ་ཡིན་ཞིང་།"[] ཞེས་གསུངས་པ་ལྟར། མི་རྟག་པའི་དོན་ནི་རྟག་ཏུ་གནས་པ་མེད་པར་འགྱུར་བ་དང་འཇིག་པའི་ཆོས་ཅན་ལ་གོ་དགོས། མི་རྟག་པ་བསྒོམ་པའི་དགོས་པ་ནི། "ནམ་འཆི་ངེས་པ་མེད་པས་སྡིག་པ་སྦྱོང་བ་ལ་འབད་པར་བྱའོ། །"[]ཞེས་གསུངས་པ་ལྟར། མི་རྟག་པ་བསམས་ནས་དགེ་བ་ལ་འབད་པ་དང་སྡིག་པ་སྤོང་བར་བྱེད་པ་ཡིན། མི་རྟག་པའི་རྣམ་གཞག "ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ཚོགས་པ་ལས་མེད་བཞིན་དུ་སྣང་བ་སྒྱུ་མ་ཙམ་ཞིག་སྟེ་"[]ཞེས་གསུངས་པ་ལྟར། འདུས་བྱས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བས་མི་རྟག་པ་ཡིན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། "ལུས་ནི་ཉམས་ཆུང་མི་རྟག་མི་བརྟན་ཏེ། །དབུ་བ་རྡོས་དང་ཆུ་ཡི་ཆུ་བུར་འདྲ། །"ཞེས་གསུངས་པ་ལྟར། རང་གི་ལུས་ཀྱང་མི་རྟག་པའི་དཔེ་ཆུ་བུར་དང་འདྲ་བར་བསྟན།

དབྱེ་བ།

[རྩོམ་སྒྲིག]

ཕྲ་རགས་ཀྱི་སྒོ་ནས་དབྱེ་ན། "འདུས་བྱས་མི་རྟག་པའི་རང་བཞིན་དུ་གྱུར་ཅིང་ཡིད་བརྟན་པར་བྱ་བའི་སྙིང་པོ་མེད་པ་དཔེར་ན་མཆིལ་མའི་ཐལ་བ་སྟེ།"[] ཞེས་གསུངས་པ་ལྟར། འདུས་བྱས་ཐམས་ཅད་མི་རྟག་པའི་ངོ་བོ་ཡིན་ནོ། །"སྐྱེ་བ་དང་འཇིག་པའི་དབང་དུ་གྱུར་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། དངོས་པོ་ཕྲ་བ་དང་རགས་པ་གཉིས་ཀ་སྐྱེ་འཇིག་གི་རང་བཞིན་ཅན་ཡིན་པས་མི་རྟག་པ་ཡིན།རྟག་མི་རྟག་གི་སྒོ་ནས་དབྱེ་ན། "གཞན་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་"[]ཞེས་གསུངས་པ་ལྟར་རོ། །"རྒྱུ་མེད་པར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ནའང༌། དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །"[]ཞེས་གསུངས་པ་ལྟར། དངོས་པོ་ཐམས་ཅད་རྒྱུ་ལ་བརྟེན་ནས་བྱུང་བས་མི་རྟག་པ་ཡིན།

རྩོད་སྤོང་།

[རྩོམ་སྒྲིག]

"མཁས་པས་ནི་ནམ་ཡང་བདེན་གྲུབ་ཏུ་བཟུང་ནས་ཕུང་སོགས་ཀྱི་ཆོས་རྣམས་མི་རྟག་ཅིང་འཇིག་པར་སྟོན་པར་མི་བྱེད་དེ། བདེན་པར་གྲུབ་ན་འཇིག་པར་མི་རུང་བའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། བཅོས་མའི་མི་རྟག་པ་སྤང་བ། "བྱང་ཆུབ་སེམས་དཔའ་བློ་ཆུང་བ་འགའ་ཞིག་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཅི་ལྟ་བ་བཞིན་དུ་སྟོན་པ་དང༌། དེ་བཞིན་དུ་གཟུགས་དང༌། འདུ་ཤེས། ཚོར་བ་དང་སེམས་དཔའ་དང༌། རྣམ་པར་ཤེས་པ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པར་འཛིན་ཅིང༌། གཞན་ལ་ཡང་དེ་ལྟར་ཡོངས་སུ་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོས་མ་སྤྱོད་པ་སྟེ།"[༡༠] ཞེས་་གསུངས་སོ། །གྲངས་ཅན་གྱི་རྟག་པའི་འདོད་པ་དགག་པ།"བདེ་སོགས་ཀྱི་ཕྲ་རགས་དེ་དག་མི་རྟག་པ་ཉིད་དུ་གྲུབ་ལ། དེ་བཞིན་དུ་རྣམ་འགྱུར་སོགས་དངོས་པོ་ཐམས་ཅད་ཀྱང་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་རིགས་པ་མཚུངས་པས་སོ། །"[༡༡] ཞེས་གསུངས། རིགས་པ་ཅན་གྱི་རྟག་པའི་བདག་དགག་པ། "བདག་དེ་རྟག་པ་ཡིན་ན་ནི། རྟག་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ཡིན་པས་དོན་བྱེད་པ་ཡི་བྱ་བྱེད་ཐམས་ཅད་མེད་པར་མངོན་ནོ། །"[༡༢]ཞེས་གསུངས།

ལམ་གྱི་རྣམ་གཞག་ཏུ་མི་རྟག་པ།

[རྩོམ་སྒྲིག]

བདེན་པ་བཅུ་དྲུག་གི་རྣམ་པ། "དེ་ཡང་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་བདེན་པས་མཚོན་སྟེ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་།"[༡༣] ཞེས་གསུངས་སོ། །ཉན་ཐོས་ཀྱི་ལམ་དུ་མི་རྟག་པ་སྒོམ་ཚུལ། "ཉན་ཐོས་ལ་སོགས་པས་ནི་རྟག་པ་ལ་སོགས་པའི་རྣམ་པ་བཀག་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་རང་གིས་མཐོང་བའི་ལམ་སྒོམ་པར་བྱེད་དོ་ཞེས་དོན་གྱིས་སྟོན་པར་འགྱུར་རོ། །"[༡༤]ཞེས་གསུངས་སོ། །བྱང་སེམས་ཀྱི་ལམ་དུ་མི་རྟག་པ། "ཡང་དག་པར་སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་འགྱུར་རོ། །"[༡༥]ཞེས་གསུངས་པ་ལྟར་རོ། །

བསྡུས་དོན།

[རྩོམ་སྒྲིག]

མི་རྟག་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་ཞིང་། སྐད་ཅིག་རེ་རེ་ལ་འགྱུར་བ་དང་འཇིག་པའི་རང་བཞིན་ཅན་ཡིན། མི་རྟག་པ་བསྒོམས་པས་ཚེ་འདིའི་ཆགས་ཞེན་སྤོང་བ་དང་། དགེ་བ་ལ་འབད་པ། སྡིག་པ་སྤོང་བ་སོགས་ཀྱི་ཕན་ཡོན་ཡོད། གྲངས་ཅན་དང་རིགས་པ་ཅན་སོགས་ཀྱིས་རྟག་པའི་དངོས་པོ་ཁས་ལེན་ཡང་། ནང་པའི་གཞུང་ལུགས་ལྟར་ན་འདུས་བྱས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བས་མི་རྟག་པ་ཁོ་ན་ཡིན་པར་བསྟན། །

ལུང་ཁུངས།

[རྩོམ་སྒྲིག]
  1. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༣༩
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༤༨
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༤༣
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༩༣
  5. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༡༠༦
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༦༡
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༡༥
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༦༢༠
  9. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༡༧
  10. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༤༦
  11. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༢༠-༢༢༡
  12. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༣༡༦
  13. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༡༢
  14. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༦༩
  15. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༥༤