Jump to content

མི་ཡི་འགྲོ་བྱུང་ཚུལ།

ཡོང་ཁུངས་Wikipedia

མི་ཡི་འགྲོ་བྱུང་ཚུལ།

[རྩོམ་སྒྲིག]

འདི་ལ་བོད་ཀྱི་བོན་པོའི་ཆོས་ལུགས་ནས་བཤད་ཚུལ་དང་། སངས་རྒྱས་ཆོས་ལུགས་སྤྱིའི་བཤད་ཚུལ། བོད་གནའ་རབས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་བཅས་རིགས་གསུམ་ཡོད། དང་པོ། བོན་གྱི་བཤད་ཚུལ་ནི། ཐོག་མ་འཇིག་རྟེན་ཆགས་སྐབས་འབྱུང་བ་ལྔའི་སྙིང་པོ་འདུས་པའི་སྒོ་ང་ཆེན་པོ་གཅིག་བྱུང་ཞིང་། སྒོ་ང་དེའི་པགས་པ་ལས་ས་གཞི་རི་བྲག་རྩི་ཤིང་རྣམས་ཆགས་པ་དང་། ནང་གི་སྒོང་ཆུ་སེར་པོ་ལས་རྒྱ་མཚོ་ཆེན་པོ་ཆགས། བར་གྱི་སྒོ་ངའི་ངར་ཆ་ལས་རིགས་དྲུག་གི་སེམས་ཅན་རྣམས་བྱུང་བར་བཤད། གཉིས་པ། སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ནི། འབྱུང་བ་ལྔ་སོ་སོའི་རྡུལ་ཕྲན་མང་པོ་ཕན་ཚུན་འདུས་པ་ལ་བརྟེན་ནས་རྒྱ་མཚོ་དང་སྐམ་ས་སོགས་ཆགས་རྗེས་ལྷ་ཡུལ་ནས་སེམས་ཅན་ཞིག་ཤི་བ་ནས་སྐྱེ་བ་བླངས་པ་ནས་འགྲོ་བ་མི་ཡི་རིགས་ཐོག་མར་བྱུང་། ཐོག་མའི་དུས་སྐབས་ཀྱི་མི་རྣམས་ནི་ཕ་མ་མེད་པར་མེ་ཏོག་གི་ནང་ནས་བརྫུས་ཏེ་སྐྱེས་པ་དང་། ཕོ་མོའི་ཁྱད་པར་མེད་པ། ལུས་ལ་ཤ་དང་རུས་པ་མེད་པའི་ཤེལ་ལྟར་དྭངས་པ། ལུས་ལས་འོད་འཕྲོ་བས་མཚན་མོ་སྒྲོན་མེ་མི་དགོས་པ། ནམ་མཁའ་ལ་འཕུར་ནས་འགྲོ་ཐུབ་པ། བདུད་རྩིའི་ཟས་མ་གཏོགས་ཐ་མལ་གྱི་ཟས་ཟ་མི་དགོས་པ། ལོ་ཁྲི་ཕྲག་མང་པོར་སྡོད་ཐུབ་པ་བཅས་ཡིན་ཀྱང་། རྗེས་སུ་རིམ་བཞིན་བསོད་ནམས་ཉམས་ནས་ས་ཐོག་ལ་ཆགས་པའི་ས་ཞག་དང་མ་རྨོས་ལོ་ཏོག་བཅས་ཟོས་པར་བརྟེན་ཤ་དང་རུས་པ་ཡོད་པའི་ལུས་རགས་པར་གྱུར་ནས་འོད་ཉམས་ཤིང་། ཕོ་མོའི་དབང་པོ་དོད། ནམ་མཁར་འགྲོ་བའི་ནུས་རྩལ་ཀྱང་ཉམས་ཏེ་ད་ལྟའི་མིའི་ལུས་སུ་འགྱུར་བ་བྱུང་ཟེར། ཞིབ་པར་《མངོན་པ་མཛོད 》 ཀྱི་ལེའུ་གསུམ་པར་གསལ། གསུམ་པ། བོད་གནའ་རབས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་ནི། བོད་ཀྱི་མི་རིགས་ནི་ཐོག་མར་ཡར་ལུང་གཙང་པོའི་རྒྱུད་རྩེད་ཐང་ས་ཁུལ་དུ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ (སྤྲ་མོ་)གཉིས་འདུས་པ་ལ་བརྟེན་ནས་བྱུང་ཞིང་། ཕྲུ་གུ་དེ་རྣམས་སྤྱིར་བཏང་གི་སྲོག་ཆགས་དང་མི་འདྲ་བར་ཤེས་རིག་རྣོ་ཞིང་རྩལ་སྟོབས་ཆེ་ལ་གཟུགས་དབྱིབས་ཀྱང་མི་མིན་སྤྲེལ་མིན་མཇུག་མ་ཡོད་པ་ཞིག་ཡིན། རྗེས་སུ་ཁོར་ཡུག་གི་ནགས་ཚལ་དང་ཤིང་ཏོག་རྣམས་ཟད་ནས་ས་གནས་གཞན་དུ་འགྲོ་བསྐྱོད་བྱེད་མ་ཐུབ་པར་ལུས་པ་རྣམས་མ་རྨོས་ལོ་ཏོག་ཟོས་པར་བརྟེན་མཇུག་མ་ཆད་ནས་ལུས་ལ་ཤིང་ལོ་གྱོན་པའི་གདོད་མའི་མི་ལྟ་བུར་གྱུར་པའི་མཐར་ཞིང་ལས་ཀྱང་མ་བྱེད་ཀ་མེད་བྱུང་སྟེ། སྐབས་དེར་ཐོག་མར་ཞིང་ཁ་འདེབས་ས་ནི་ཟ་ར་ཟོ་ཐང་ཞེས་དེང་སང་དངོས་སུ་མཐོང་རྒྱུ་ཡོད་པ་འདི་ཡིན་ཟེར་སྲོལ་ཡོད། བཤད་ཚུལ་དེ་ནི་བོད་དུ་སངས་རྒྱས་ཆོས་ལུགས་དང་བོན་གྱི་ཆོས་ལུགས་གཉིས་ཀ་མ་བྱུང་གོང་གི་བཤད་ཚུལ་ཞིག་ཡིན་པས། དུས་སྐབས་དེར་འཛམ་གླིང་ཐོག་ལྷ་དབང་ཕྱུག་གིས་འཇིག་རྟེན་ཚང་མ་བཟོས་པ་ཡིན་ཟེར་བ་དང་། ཡང་ན་དེ་དང་རིགས་འདྲ་བའི་བཤད་ཚུལ་མང་པོ་ཡོད་པ་དེ་རྣམས་ལས་ཧ་ཅང་གིས་ལེགས་པ་དང་ཚན་རིག་དང་མཐུན་ཆེ་བ་ཡོད། །