Jump to content

མི་ཟད་གཏེར་

ཡོང་ཁུངས་Wikipedia

མི་ཟད་གཏེར་ཞེས་པའི་ཐ་སྙད་འདིའི་ནང་མི་ཟད་ཅེས་པ་ནི་ཟད་པ་མེད་པ་སྟེ་ཇི་ལྟར་སྤྱད་ཀྱང་མི་ཟད་པའི་དོན་དུ་ཡིན། གཏེར་ཞེས་པ་ནི་ལོངས་སྤྱོད་ཀྱི་ཆེད་དུ་གདགས་པའི་དངོས་པོ་སྣ་ཚོགས་པ་ལ་གོ། དེས་ན་མི་ཟད་གཏེར་ཞེས་པ་ནི་སེམས་ཅན་རྣམས་ཀྱི་དབུལ་བ་སེལ་བའི་ཆེད་དུ་ཇི་ལྟར་སྤྱད་ཀྱང་ཟད་པ་མེད་པའི་ནོར་གྱི་གཏེར་ཆེན་པོ་ལ་ཟེར།

ངེས་ཚིག

[རྩོམ་སྒྲིག]

མི་ཟད་གཏེར་ཞེས་པ་ནི་ནོར་དང་ལོངས་སྤྱོད་ཀྱི་ཚོགས་གང་ཞིག་གཏོང་ནས་སྤྱད་ཀྱང་ཟད་པ་མེད་པའི་ཡོ་བྱད་ཀྱི་མཛོད་ཆེན་པོ་ལ་བརྗོད་པའོ། །

ནང་དོན།

[རྩོམ་སྒྲིག]

བྱང་ཆུབ་སེམས་ལ་བརྗོད་པ། མི་ཟད་གཏེར་ཞེས་པའི་ཐ་སྙད་འདི་བྱང་ཆུབ་ཀྱི་སེམས་ལ་བསྔགས་པའི་ཚུལ་དུ་སྤྱད་ཅིང༌། དེའི་ནང་དོན་ཡང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་སེལ་བ་དང༌། ལོངས་སྤྱོད་ཀྱི་ཡོ་བྱད་ཐམས་ཅད་སྦྱིན་པའི་འདུ་ཤེས་སུ་ལེན་པའི་དོན་དུ་བསྟན་པ་ཡིན། "ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་ཞེས་པ་ནི་མལ་ཆ་དང་། སྟན་དང་། གནས་དང་། ན་བཟའ་དང་། རྒྱན་དང་། བྱུག་པ་ལ་སོགས་པ་གང་དང་གང་སེམས་ཅན་རྣམས་འདོད་པ་དེ་དང་དེའི་ཡོ་བྱད་དེ་ཉེ་བར་མཁོ་བའི་བྱེ་བྲག་གི་རྣམ་པར་རོ། །"[]ཞེས་གསུངས་པ་ལྟར། སེམས་ཅན་རྣམས་ཀྱི་མཁོ་བའི་ཡོ་བྱད་ཐམས་ཅད་ཟད་མི་ཤེས་པར་སྦྱིན་པའི་གཏེར་ཆེན་པོར་བྱང་ཆུབ་ཀྱི་སེམས་བསྟན་ཅིང༌། "སེམས་ཅན་ཕོངས་ཤིང་དབུལ་བ་ལ་བདག་ནི་སྤྱད་པས་མི་ཟད་པའི་གཏེར་དུ་གྱུར་ཏེ། ཡོ་བྱད་མཁོ་རྒུ་སྣ་ཚོགས་སུ་སེམས་ཅན་དེ་དག་གི་མདུན་ན་ཉེ་བར་གནས་པར་གྱུར་ཅིག་"[]ཅེས་གསུངས་པ་ལྟར་ཡིན།
ལོངས་སྤྱོད་པས་མི་ཟད་པའི་གཏེར། མི་ཟད་གཏེར་ཞེས་པའི་ཐ་སྙད་འདི་ལོངས་སྤྱོད་དང་ནོར་གྱི་ཡོ་བྱད་ལ་སྤྱད་པའི་སྐབས་སུ། འགྲོ་བའི་དབུལ་བ་ཐམས་ཅད་སེལ་ནུས་པའི་ཡོ་བྱད་ཀྱི་ཚོགས་ལ་གོ་དགོས། "སེམས་ཅན་ཡོ་བྱད་ཀྱིས་ཕོངས་ཤིང་དབུལ་བ་ལ་བདག་ནི་ལོངས་སྤྱད་པས་མི་ཟད་པའི་གཏེར་དུ་གྱུར་ཏེ་ཅི་འདོད་པའི་ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་འགྱུར་ཞིང་བསྒྲུབ་པ་ལ་འབད་རྩོལ་མེད་པར་མདུན་ན་ཉེ་བར་གནས་པར་གྱུར་ཅིག་"[]ཅེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་འདོད་པ་དང་དགོས་མཁོ་སེལ་ནུས་པའི་ཡོ་བྱད་ཀྱི་ཚོགས་མི་ཟད་པར་ཡོད་པའི་གཏེར་ཆེན་པོ་ལ་ཞུས་ཤིང༌།

བདུད་རྩི་དང་སྨན་གྱི་གཏེར། སྨན་དང་བདུད་རྩིའི་ནང་ཚན་དུ་ཡང་མི་ཟད་གཏེར་གྱི་ཐ་སྙད་སྤྱད་ཡོད། "ས་བརྒྱད་པར་ཡོ་བྱད་ལ་དབང་ཐོབ་པས་འགྲོ་བའི་དབུལ་བ་མ་ལུས་པ་སེལ་བའམ་མེད་པར་བྱེད་པ་ཡི་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །"[]ཞེས་གསུངས་པ་ལྟར། འགྲོ་བ་ནད་པ་རྣམས་ཀྱི་ནད་སོས་ཤིང་འཆི་བ་ལས་སྒྲོལ་བའི་བདུད་རྩི་ཡང་མི་ཟད་པའི་གཏེར་གྱི་ནང་ཚན་ཡིན།

བདུད་རྩི་དང་སྨན་མཆོག་སོགས་དང་བསྡུར་བ།

[རྩོམ་སྒྲིག]

"རང་དབང་མེད་པར་འཆི་བའི་འགྲོ་བའི་འཆི་བདག་འཇོམས་པར་བྱེད་པའི་བདུད་རྩི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཡིན་ནོ་རྒ་ཤི་མེད་པའི་ས་ལ་འགོད་པའི་ཕྱིར་རོ། །ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་མི་ཟད་པ་སྟེར་བས་འགྲོ་བའི་དབུལ་བ་སེལ་བ་ཡི་མི་ཟད་པའི་གཏེར་ཡང་སེམས་བསྐྱེད་པ་འདི་ཡིན་ནོ། །"[]ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ལ་བདུད་རྩི་མཆོག་དང་མི་ཟད་པའི་གཏེར་གཉིས་ཀ་མིང་བཏགས་ཏེ། འཆི་བདག་འཇོམས་པ་དང་དབུལ་བ་སེལ་བའི་ནུས་པ་གཉིས་སྟོན་པའི་དོན་ནོ། །

ལེགས་ཡོན།

[རྩོམ་སྒྲིག]

"བདག་གིས་དུས་དི་རིང་གི་ཚེ་སྐྱེ་དགུ་ཐམས་ཅད་ཀྱི་དཔང་པོར་གྱུར་པའི་སྐྱོབ་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ་མདུན་དུ་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་མཐར་ཐུག་བདེ་སྐྱིད་ཐམས་ཅད་ཀྱི་མཐར་སོན་པ་བདེ་བར་གཤེགས་པའི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་དེ་ཉིད་དང་ནི། དེ་མ་ཐོབ་ཚུན་ཆད་ཀྱིབར་དུ་མངོན་མཐོ་ལྷ་མིའི་བདེ་བ་རྒྱ་ཆེན་པོ་ལ་ཅི་དགར་ལོངས་སྤྱད་པས་ཆོག་པ་ལ་མགྲོན་དུ་བོས་ཟིན་གྱིས་"[]ཞེས་གསུངས་པ་ལྟར། མི་ཟད་གཏེར་གྱི་ལེགས་ཡོན་ནི་སེམས་ཅན་ཐམས་ཅད་ལ་ཡུན་རིང་དུ་ཕན་བདེ་སྟེར་བའི་ནུས་པ་ཡོད་པའི་དོན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།