མི་ཏྲ་ཛོ་ཀི། མི་ཏྲ་ཛོ་ཀི།
མི་ཏྲ་ཛོ་ཀི།
[རྩོམ་སྒྲིག]རྒྱ་གར་གྱི་གྲུབ་ཆེན་ཞིག རྒྱ་གར་ཤར་ཕྱོགས་རཌྷའི་ཡུལ་གྱི་གྲོང་ཁྱེར་ཆེན་པོར་སྐུ་འཁྲུངས། ཏེ་ལོ་པའི་དངོས་སློབ་རོལ་པའི་རྡོ་རྗེས་རྗེས་སུ་བཟུང་ནས་ཁ་སརྤཎི་ལོ་བཅུ་གཉིས་བསྒོམས་པས་སྤྱན་རས་གཟིགས་འཁོར་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཆོས་བསྟན་པས་གྲུབ་པ་བརྙེས་པའོ། །དགུང་ལོ་ཉི་ཤུ་པ་ལ་འོད་མའི་གླིང་དུ་དེ་བ་ཌཱཀིས་རྗེས་སུ་བཟུང་ནས་སྤྱན་རས་གཟིགས་དང་མཇལ། རིགས་ཀྱི་བུ་མ་འོངས་པའི་སེམས་ཅན་གྱི་དོན་དུ་རྒྱུད་སྡེ་བཞིའི་དབང་རྣམས་ཕྱོགས་གཅིག་ཏུ་བསྐུར་ཅིག་ཅེས་དང་། ཝ་ར་ཎཱ་སིའི་རྒྱལ་པོས་ཞག་བདུན་དུ་གསོལ་བ་བཏབ་པས་དཀྱིལ་འཁོར་གཅིག་ཏུ་རྒྱུད་སྡེ་ཐམས་ཅད་ཀྱི་དབང་དུ་དུས་གཅིག་ལ་བསྐུར་ཞེས་ཟེར། དེ་ལྟ་བུའི་ངོ་མཚར་དང་ལྡན་པའི་གྲུབ་ཐོབ་ཆེན་པོ་འདི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་དུ་གདན་དྲངས། གཙང་སྟོད་ལ་ཟླ་བ་བཅོ་བརྒྱད་བཞུགས་ཤིང་། མཁས་བཙུན་མང་པོ་ལ་ཆོས་བཀའ་མང་དུ་གསུངས། ཁྲོ་ཕུ་གཙུག་ལག་ཁང་དང་བྱམས་ཆེན་བཞེངས་པར་རབ་གནས་མཛད་ཅིང་བྱིན་གྱིས་བརླབས། མི་ཏྲ་བརྒྱ་རྩར་གྲགས་པའི་དབང་ནི་གྲུབ་ཆེན་འདི་ལས་བརྒྱུད་ནས་བྱུང་བའོ། །