མི་ཉག་སྔ་ཐོག་མཁས་པ་མི་ལྔ་

ཡོང་ཁུངས་Wikipedia

མི་ཉག་སྔ་ཐོག་མཁས་པ་མི་ལྔའི་དང་པོ་མཁན་ཆེན་དཀའ་བཞི་པ་རིག་པའི་སེང་གེ་ནི་རབ་བྱུང་ལྔ་པའི་བགྲང་བྱ་ཉེར་གཅིག་པ་མེ་མོ་ཕག་གི་ལོ་སྟེ་སྤྱི་ལོ་1287ལོར་རབ་སྒང་གི་ཕྱོགས་ནས་སྐུ་འཁྲུངས། ཁོང་ནི་དམ་པ་མང་དུ་བརྟེན་ཞིང་གཞུང་བཀའ་པོད་དག་ལ་མཁས་ཤིང་གཙོ་བོ་ཚད་མ་ལ་མཁས་པར་གྲགས་པ་ཞིག་སྟེ་སློབ་དཔོན་རྡོ་རྗེ་རྒྱལ་མཚན་ཞུ་བ་སོགས་ཀྱིས་ཁྱོད་ལས་མཁས་པའི་ཚད་མ་བ་ས་འདིར་མེད་པས་ས་སྐྱའི་གདན་སའི་ཚད་མའི་སློབ་དཔོན་གྱིས་ཞེས་གསུངས་ཀྱང་མ་བཞུགས་པར་བཤད། ད་དུང་ས་སྐྱ་དང་དབུས་གཙང་མཐའ་དག་ལ་ཚད་མའི་གྲྭ་སྐོར་མཛད། རིམ་བཞིན་སློབ་ཚོགས་མང་དུ་བསྐྱངས་ཤིང་གཞུང་བཀའ་པོ་ལྔ་མཁྱེན་པའི་སློབ་མ་ལྔ་བཅུ་ཙམ་ཡང་བྱུང་། དེ་ནས་དགོན་ཁག་དུ་མ་ཞབས་ཀྱིས་བཅགས་ཤིང་དུས་འཁོར་གྱི་འཆད་ཉན་རྒྱ་ཆེར་སྤེལ་ཞིང་བཙུན་མ་དང་མི་སྐྱ་ཡི་སློབ་ཚོགས་ཀྱང་རྒྱ་ཆེར་བསྐྱངས། མཐར་རང་ལོ་གྱ་དགུ་པ་རབ་བྱུང་དྲུག་པའི་བགྲང་བྱ་ཞེ་དགུ་པ་སྟེ་སྤྱི་ལོ་1375ཤིང་མོ་ཡོས་ཀྱི་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་དགོངས་པ་ཞི་བར་གཤེགས་སོ།།



གཉིས་པ་མཁས་ཆེན་ཕྱུག་མོ་སྟོན་པ། གཉིས་པ་མཁས་ཆེན་ཕྱུག་མོ་སྟོན་པ་ནི་རབ་བྱུང་དྲུག་པའི་བགྲང་བྱ་དྲུག་ཅུ་པ་ཆུ་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་1332པར་མི་ཉག་ཏུ་འཁྲུངས། ཁོང་གིས་ཤེར་ཕྱིན་མངོན་རྟོག་རྒྱན་ཚར་གཅིག་གསན་པས་ཐུགས་སུ་ཆུད་ཅིང་ཞག་རེར་ཤོག་ལྡེབ་དྲུག་རེ་བློ་རུ་འཛིན་ཐུབ་པས་ཤེས་རབ་ཆེ་བར་གྲགས། དེ་ནས་སྐར་རྩིས། སྒྲ་རིག་པ། མངོན་པ་མཛོད་། འདུལ་བ། དུས་འཁོར། ཁྱད་པར་དུ་ཚད་མའི་མཁན་པོ་ཉ་དབོན་ཀུན་དགའ་དཔལ་དང་དཀའ་བཞི་པའི་བུ་ཆེན་སློབ་དཔོན་རྣམ་རྒྱལ་སོགས་བསྟེན་ནས་ཚད་མར་མཁས་པའི་གྲགས་པ་ཐོབ། རིམ་བཞིན་གདན་ས་མང་པོར་ཞབས་ཀྱིས་བཅགས་ཤིང་སློབ་མ་ཡང་དབོན་པོ་ཀུན་དགའ་རྡོ་རྗེ་དང་། ཀྱེ་སྟོན་པ། རྨིརྟི་གྲགས་པ་རིན་ཆེན་སོགས་མཁས་ཤིང་གྲུབ་པ་མང་པོ་དང་གཞན་སློབ་ཚོགས་ཇེ་མང་དུ་ཕྱིན། དེ་ལྟར་དགུང་ལོ་དྲུག་ཅུ་རེ་གཅིག་པར་སློབ་མའི་ཚོགས་ཁྲི་ཕྲག་ལས་བརྒལ་ཏེ་སྙན་པའི་གྲགས་པ་འབྲུག་ལྟར་གྲགས་ཏེ་རབ་བྱུང་བདུན་པའི་བགྲང་བྱ་དྲུག་པ་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་1382 ལོ་སྟོན་ཟླ་འབྲིང་པོའི་ཚེས་གཅིག་ལ་གཟུགས་སྐུ་གཤེགས་སོ།།



བཞི་པ་ནུ་མགོ་རྒྱལ་བ་རིན་ཆེན། བཞི་པ་ནུ་མགོ་རྒྱལ་བ་རིན་ཆེན་ནི་རབ་བྱུང་དྲུག་པའི་བགྲང་བྱ་གཉིས་པ་ས་ཕོོ་འབྲུག་གི་ལོ་སྟེ་སྤྱི་ལོ་1328ལོར་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་རབ་སྒང་རྨུ་པ་ཞེས་པའི་ཆར་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་དབུས་གཙང་དུ་ཕེབས་ཏེ་གསང་ཕུ་ཆོོས་གྲྭ་ནས་སློབ་གཉེར་མཛད། སྐྱོར་མོ་ལུང་བླ་མ་འཇམ་དབྱངས་སྐྱབས་དང་། བུ་སྟོན་རིན་པོ་ཆེ་དང་། རྒྱལ་སྲས་དངུལ་ཆུ་ཐོགས་མེད། སྣར་ཐང་བློ་བཟང་གྲགས་པ། དཔང་བློ་གྲོས་བརྟན་པ། གཡག་སྡེ་པཎ་ཆེན་སོགས་དམ་པ་དུ་མར་བསྟེན་ཏེ། ཚད་མ་རྣམ་འགྲེལ། ཤེར་ཕྱིན། མངོན་པ་མཛོད། དུས་འཁོར་བདེ་མཆོག ཀྱེ་རྡོར། ལམ་འབྲས། བྱམས་ཆོས་སྡེ་ལྔ། མངོན་པ་འཆིམ། ཚད་མ་རིགས་གཏེར། འདུལ་བ་མདོ་རྩ་དང་མེ་ཏོག་འཕྲེང་རྒྱུད། སྙན་དངགས་མེ་ལོང་རྩ་འགྲེལ། སྦྱོར་དྲུག་སོགས་ལ་སྦྱང་བ་རྒྱ་ཆེར་བྱས། གཙང་དུ་གྲྭ་སྐོར་མཛད་པས་གྲགས་པ་རྒྱ་ཆེར་རྒྱས། རིམ་བཞིན་མདོ་སྔགས་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཕྱོགས་ཀྱི་མཁས་པ་མང་པོས་ཁས་ལེན་མི་མཐུན་པའི་རྩོད་པ་མང་པོ་ཡོད་པ་དག་གི་ཐེ་ཚོམ་གྱི་དྲ་བ་རྣམས་ལུང་དང་རིགས་པས་བསལ་བས་མཁས་བཙུན་བཟང་བོའི་འགྲན་ཟླ་དང་བྲལ་བར་བསྔགས་སོ།། དེ་ལས་ཀྱང་ཡ་མཚན་པ་དག་ནི་ཁོང་གིས་བརྩམས་པའི་བསྟན་བཅོས་དག་ཡིན་ལ། བརྩམས་ཆོས་ནི་ལུང་སྦྱོར་ཀུ་མུད་ཏའི་ཕྲེང་བ། དཀའ་བཞི་པའི་ཆོས་འཁོར་དུས་ཀྱི་བསྟན་རྩིས་ཕལ་ཆེན་གྱི་རིགས་གཞུང་གསལ་བའི་མེ་ལོང་། ཚད་མ་རྣམ་འགྲེལ་གྱི་སྦྱོར་ཊིག་ཚད་མའི་མཚན་ཉིད་གསལ་བའི་མེ་ལོང་། དགེ་འདུན་ཉི་ཤུའི་མཚན་ཉིད་ཕྲེང་བ། གྲུབ་མཐའ་རབ་འབྱེད་གསལ་བའི་མེ་ལོང་དོན་གྱི་སྙིང་པོ། ཤེས་སྙིང་འགྲེལ་བ། བསྟོད་ཚོགས་གནས་བསྟོད། ལྷ་བྱ་ཕུག་རོན་དང་གཏམ་དུ་བྱ་བ་མེ་ཏོག་ཆུན་པོ་སོགས་ཤིན་ཏུ་མང་ངོ་།། དེ་ལྟར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས་ཏེ། མཐར་རབ་བྱུང་དྲུག་པའི་བགྲང་བྱ་ཐ་མ་སྟེ་མེ་ཕོ་སྟག་གི་ལོའམ་སྤྱི་ལོ1386ལོ་ས་ག་ཟླ་བའི་ཚེས་བཅུ་དྲུག་ལ་ལུས་གནད་རྣམ་སྣང་ཆོས་བདུན་གྱིས་བཞུགས་ཏེ་དགོངས་པ་དབྱིངས་སུ་གཤེགས།



ལྔ་པ་བདག་ཉིད་ཆེན་པོ་བྱམས་གསར་པ་ཡེ་ཤེས་དཔལ། ལྔ་པ་བདག་ཉིད་ཆེན་པོ་བྱམས་གསར་པ་ཡེ་ཤེས་དཔལ་ནི་རབ་བྱུང་ལྔ་པའི་བགྲང་བྱ་ང་གཉིས་པ་ས་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ་1318ལོར་རབ་སྒང་གི་སའི་ཆར་གྲོང་ཚ་མེ་རྒོ་ཞེས་པར་སྐུ་བལྟམས། རིམ་བཞིན་འབྲི་ཀློག་ལ་སྦྱངས་པས་མཁས་པར་གྱུར། ཨ་ར་ཆོས་རྗེ་ཀུན་དགའ་རྒྱལ་པོར་དབང་དང་གདམས་པ་རྒྱ་ཆེར་བྱས། རྨ་ཁྲ་བློ་གྲོས་དབང་ཕྱུག་ལས་ཕར་ཕྱིན་ཚར་བདུན་གསན། བྱམས་ཆོས་སྡེ་ལྔ་ལ་སྦྱངས་པས་མཁས་པའི་གྲགས་པ་རྒྱས། དམ་པ་མང་དུ་བསྟེན་ནས་རིགས་གཞུང་རྒྱ་ཆེར་སྦྱངས། དགུང་ལོ་ཉེར་གཉིས་ཐོག་དབུས་གཙང་དུ་ཕེབས་དེ་གསང་ཕུ་ཆོས་གྲྭར་ཞུགས། ཚད་མ་རྣམ་འགྲེལ་ལ་སྦྱངས་པས་རྩོད་པ་ཕུལ་དུ་བྱུང་། ད་དུང་ཀུན་མཁྱེན་བུ་སྟོན། མཁན་ཆེན་བསོད་ནམས་གྲགས་པ། པོ་དོང་ཕྱོགས་ལས་རྣམ་རྒྱལ། འཆིམས་བློ་བཟང་གྲགས་པ། ཇོ་ནང་ཀུན་མཁྱེན། དངུལ་ཆུ་ཐོགས་མེད། ཀརྨ་རོལ་པའི་རྡོ་རྗེ་སོགས་དམ་པ་མང་དུ་བསྟེན་ཏེ་ཚད་མ་རྣམ་འགྲེལ། ས་སྡེ་ལྔ། དུས་འཁོར་སོགས་མདོ་སྔགས་ཀྱི་གཞུངས་ལུགས་རྒྱ་མཚོར་རབ་འབྱམས་པར་བྱས། དེ་ལྟར་རིགས་པའི་ཁྱུ་མཆོག་ཏུ་གྱུར་ཏེ་རང་ཡུལ་རབ་སྒང་དུ་ཕེབས། རལ་པ་ཅན་གྱི་དགོན་པར་གཞི་གསུམ་བཙུགས། མཚན་ཉིད་དང་ཕར་ཚད་མཛོད་སོགས་ཀྱི་འཆད་ཉན་སྤེལ། ཕྱུག་མོ་གཞོན་ནུ་དཔལ་དང་རིག་སྒྲ་བློ་གྲོས་དཔལ་སོགས་སློབ་མ་མཁས་པ་མང་དུ་བྱུང་། དགོན་ཁག་དུ་མར་འཆད་ཉན་སྤེལ། དེ་ལྟར་སློབ་མའི་ཚོགས་རྒྱ་ཆེར་རྒྱས་པར་བྱས་ཏེ། མཐར་རབ་བྱུང་དྲུག་པའི་བགྲང་བྱ་ཐ་མ་སྟེ་ས་ཕོ་སྟག་གི་ལོ་སྤྱི་ལོ་1386ལོ་སྟོན་ཟླ་འབྲིང་པོའི་ཚེས་བཞི་ལ་དགོངས་པ་ཞི་བར་གཤེགས་སོ།།