མི་ཆོས་
གྲོགས་པོ་ལགས།སྐུ་ཁམས་བཟང་། འུ་གཉིས་༼མི་ཆོས་༽ཞེས་པའི་ཐ་སྙད་འདིས་གླིང་ག་འདིར་འཛོམ་དུ་བཅུག།ངས་བསམས་ན་མི་ཆོས་ནི་ལྷ་ཆོས་ཀྱི་རྩ་བའམ།ཡང་ན་ཆེས་མཐའ་མཇུག་གི་གནས་ལུགས་བདེན་པ་དེར་ཞུགས་པའི་ལམ་བུ་གཅིག་པུ་རང་རེད་འདོད།ལྷ་ཆོས་ལ་ཞེན་པ་ཆེ་ཞིང་ལྷ་ཚོགས་ལ་འདུན་པ་ཟབ་པའི་འུ་ཅག་ལ་མཚོན་ན།སྐྱེས་ནས་མ་ཤིའི་བར་དུ་འཆི་བ་རྐྱང་རྐྱང་གི་ཆེད་དུ་འདུར་བ་ལས།གསོན་པའི་ཆེད་དུ་བྱ་བ་སྒྲུབ་མཁན་ཧ་ཅང་ཉུང་ཉུང་རེད།དེ་ལྟར་བསམ་ཚེ་འུ་ཅག་གི་ཁ་ཕྱོགས་དེ་ནོར་མེད་པ་ལྟ་བུ་ཞིག་ཏུ་སྣང་མོད།དོན་གྱི་སྟེང་ནས་རང་བློ་རང་ལ་ལྐོག་གྱུར་མིན་པས་བློ་གཟི་བོར་གནས་པའི་དཔྱད་པ་ཞིག་ཐོངས་དང་།ལྷ་ཆོས་དགེ་བའི་རྩ་བར་གྱུར་པའི་དགེ་སྦྱོང་གི་ཆོས་བཞི་ཉམས་ལེན་བྱས་པ་ག་འདྲ་རེད།ལྷ་ཆོས་ནི་སེམས་ཀྱི་སྦྱོང་བ་མཐར་ཐུག་པ་དེ་ཡིན་པས།ཁྱེད་ཀྱིས་སེམས་སྦྱངས་པ་ཚད་ག་འདྲ་ཞིག་ལ་ཐོན་འདུག།གཤེ་ཡང་སླར་མི་གཤེ་བའི་ཚད་དུ་ཐོན་ཡོད་དམ། ཁྲོ་ཡང་སླར་མི་ཁྲོ་བའི་ཚད་དུ་ཐོན་ཡོད་དམ།བརྡེག་ཀྱང་སླར་མི་བརྡེག་བའི་ཚད་དུ་ཐོན་ཡོད་དམ།མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བའི་ཚད་དུ་ཐོན་ཡོད་དམ། དེ་སོགས་མེད་ན་ཤིའང་བློ་མི་འགྱུར་བའི་དད་པ་ཁྱོད་ལ་ཡོད་དམ།དེ་ལྟར་ཞིབ་ཏུ་བསམས་ཚེ་རང་ཉིད་ནི་ལྷ་ཆོས་སྒྲུབ་མཁན་དང་མི་ཆོས་ལ་བརྩོན་མཁན་གཉི་གར་མི་གཏོགས་པའི་ཚད་དུ་མི་འདུག་གམ།
Image
མི་ཆོས་ལ་མི་བལྟ་བར་ལྷ་ཆོས་ཞིག་འགྲུབ་དགོས་པའི་སྣང་བ་དེ་ནི།འགྲོ་མ་ཤེས་གོང་ནས་རྒྱུག་ཨེ་ཤེས་ལྟ་བ་དང་གཅིག་པ་གཅིག་མཚུངས་ལས་མ་མཆིས་སོ།།མི་གཞན་ལ་བརྩི་བཀུར་བྱེད་པ་དང་རང་གིས་ཁེ་བླངས་བའི་ལས་དེ་ཅེས་ཀྱང་འགྱུར་དུ་མི་འཇུག་པ་སོགས་ནི་མི་ཆོས་ཀུན་སྤྱོད་ཀྱི་གཙོ་བོ་ཡིན་ལ།འདི་ཙམ་ཡང་མི་འཁྱོང་བཞིན་ལྷ་ཆོས་དགེ་བ་ཞིག་འགྲུབ་པར་འདོད་ན། རྒྱུ་འབྲས་ཀྱི་རྒྱ་མདའ་ཆག་ཅིང་རྒྱ་ལུང་ཆད་པར་གྱུར་བ་ཨེ་ཡིན་ནམ་སྙམ།
Image
དེང་སྐབས་ང་ཚོའི་སྤྱི་ཚོགས་ལ་མཁོ་གལ་ཆེ་བ་ནི་མི་ཆོས་ཡིན་པ་ལས་ལྷ་ཆོས་མ་རེད།དང་པོ་ང་ཚོས་མི་དག་མ་ཞིག་ཨེ་ཡོང་ལ་བརྩོན་པར་བྱ།ཕ་མ་ལ་གུས་བརྩི་ཡོད་པའི་མི་ཆོས་ལ་བརྩོན་བར་བྱ།གྲོགས་འདང་ལ་མངོན་ལྐོག་མེད་པའི་མི་ཆོས་ལ་བརྩོན་བར་བྱ། སྤྱི་ཚོགས་ལ་ཞབས་ཞུ་འགྲུབ་པའི་མི་ཆོས་ལ་བརྩོན་པར་བྱ།བདེ་ཐང་དང་བདེ་སྐྱིད་ལྡན་པའི་མི་ཆོས་ལ་བརྩོན་པར་བྱ། མི་ཡུལ་ནས་འདུག་ཆས་སྒྲུབ་པའི་མི་ཆོས་ལ་བརྩོན་པར་བྱ།ལྷ་ཆོས་བར་ཆགས་སྡང་གཅོད་པའི་མི་ཆོས་ལ་བརྩོན་པར་བྱ།མདོར་ན་ང་ཚོས་མི་ཆོས་གཙང་མ་ཞིག་ཨེ་འགྲུབ་ལ་འབད་པ་ལས།མི་ཆོས་མ་འགྲུབ་གོང་ནས་རྒྱང་ཐག་ས་གནམ་གྱིས་ཕྱེ་བའི་ལྷ་ཆོས་དེ་ད་དུང་འགྲུབ་དཀའ་མོ་རེད།མི་ཡང་དག་ཅིག་ཏུ་གྱུར་ན་ལྷ་ངོ་མ་ཞིག་དང་བར་ཐག་དེ་ཙམ་ཡོད་རྒྱུ་ཨེ་ཡིན་ནམ་སྙམ།གང་ལྟར་ང་ཚོ་ལྷར་འགྱུར་རྒྱུ་ཧ་ཅང་གལ་ཆེ་ཡང་།ལྷར་འགྱུར་དགོས་ན་ཐོག་མར་མི་ཡང་དག་ཅིག་ཡིན་དགོས།ང་ཚོས་ལྷ་ཆོས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་ཡང་།ལྷ་ཆོས་བསྒྲུབ་ན་ཐོག་མར་མི་ཆོས་རྣམ་དག་ཅིག་ཤེས་དགོས་སོ། །