Jump to content

མར་མེ་

ཡོང་ཁུངས་Wikipedia

མར་མེ་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་རྣམ་བཤད་གཞུང་ལུགས་སུ་ཤེས་པ་རང་རིག་གི་གཏན་ཚིགས་ཀྱི་དཔེར་བརྗོད་དུ་སྤྱོད་པའི་ཐ་སྙད་ཅིག་ཡིན། དེ་ཡང་སྤྱིར་བཏང་མར་མེ་ཞེས་པ་ནི་མར་གྱི་སྙིང་པོ་དང་ཐགས་པ་བཅས་པས་བཟོས་པའི་སྣང་བའི་ཆ་ཅིག་ཡིན་མོད། རྣམ་བཤད་གཞུང་ལུགས་སུ་ཤེས་པ་རང་གིས་རང་རིག་པའི་རྟགས་དཔེར་སྤྱོད་ཅིང་དེའི་རྩོད་སྤོང་གི་ནང་དུ་རྒྱས་པར་བཤད་ཡོད།

དཔེའི་སྤྱོད་ཚུལ།

[རྩོམ་སྒྲིག]

རང་རིག་སྒྲུབ་པའི་དཔེར་སྤྱོད་ཚུལ། "ཇི་ལྟར་མར་མེ་རང་གིས་རང་གི་དངོས་པོ་ཡང་དག་པར་གསལ་བར་བྱེད་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་དེ་ཉིད་རིག་གོ་"[]ཞེས་པ་དེ་ནི་མར་མེ་རང་གིས་རང་དང་གཞན་གཉིས་ཀ་གསལ་བར་བྱེད་པ་བཞིན་དུ་ཤེས་པས་ཀྱང་རང་གཞན་གཉིས་ཀ་རིག་པར་བྱེད་ཅེས་པའི་སྒྲུབ་བྱེད་ཀྱི་དཔེར་བསྟན་པ་ཡིན། དཔེ་མ་གྲུབ་པར་དགག་པ། "མར་མེ་ནི་རང་གིས་གསལ་བར་བྱ་བ་མིན་ཏེ་གང་གི་ཕྱིར་ན་གསལ་བར་བྱ་བ་ལ་སྔར་ནི་མི་གསལ་བས་ཁྱབ་པ་ལ་དེ་སྐྱེས་ཙམ་ཉིད་ནས་མུན་གྱིས་བསྒྲིབས་པ་སྟེ་མི་གསལ་བ་མེད་པའི་ཕྱིར་ཏེ།"[] ཅེས་གསུངས།

རྩོད་སྤོང་།

[རྩོམ་སྒྲིག]

དབུ་མ་རྩ་བའི་ལུང་། "རྩ་ཤེ་ལས། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །"[]ཞེས་གསུངས་པའི་དོན་ནི་མར་མེ་གང་ན་ཡོད་པ་དེར་མུན་པ་མེད་ན་མར་མེས་ཅི་ཞིག་གསལ་བར་བྱེད་དེ། མུན་པ་སེལ་བ་དེ་ལ་སྣང་བར་བྱེད་ཅེས་ཟེར་བ་ཡིན་གྱི་མར་མེ་རང་གིས་རང་གསལ་བར་མི་བྱེད་པའི་རྒྱུ་མཚན་བཤད་པ་ཡིན། མར་མེས་རང་གསལ་མི་དགོས་པའི་རྒྱུ་མཚན། "གང་གི་ཕྱིར་ན་མར་མེ་ལ་མུན་གྱིས་བསྒྲིབས་པ་མེད་ན་དེ་མར་མེས་ཇི་ལྟར་གསལ་བར་བྱ་སྟེ། གསལ་བྱ་མེད་ཀྱང་གསལ་བྱེད་དུ་འགྱུར་ན་མར་མེ་འདི་ཉི་ཟླ་ལ་སོགས་པའི་གསལ་བྱེད་དུ་འགྱུར་ནའང་དེ་མི་འདོད་པའི་ཕྱིར་རོ། །"[]ཞེས་གསུངས་པའི་དོན་ནི་མར་མེ་ལ་སྔར་མུན་པས་བསྒྲིབས་པ་མེད་དེ། དེ་སྐྱེས་ཚུན་ཆད་གསལ་བ་ཡིན་པས་རང་གིས་རང་གསལ་བར་བྱ་བའི་དགོས་པ་མེད། གལ་ཏེ་གསལ་བར་བྱ་བ་མེད་ཀྱང་གསལ་བྱེད་དུ་འགྱུར་ན་ཉི་མ་ཟླ་བ་ལ་སོགས་པ་ཡང་མར་མེ་དང་འདྲ་བར་གསལ་བྱེད་དུ་འགྱུར་དགོས་ན་དེ་ནི་མི་འདོད་པ་ཞིག་ཡིན། "དཔེ་མ་གྲུབ་སྟེ་མར་མེ་རང་གིས་རང་གསལ་བར་བྱེད་པ་མ་ཡིན་ཏེ། མར་མེ་རང་གིས་གསལ་བར་བྱ་བ་མིན་པའི་ཕྱིར་ཏེ། རང་གིས་རང་གསལ་མི་དགོས་ཤིང་མི་ནུས་པའི་ཕྱིར་རོ། །"[]ཞེས་གསུངས་པས་མར་མེ་རང་གསལ་མིན་པའི་རྒྱུ་མཚན་གཉིས་བཤད་དེ། རང་གསལ་མི་དགོས་པ་དང་རང་གསལ་མི་ནུས་པའི་རྒྱུ་མཚན་གཉིས་ཀྱི་སྒོ་ནས་གསུངས་སོ། ། མུན་པ་དང་གཉིས་ཀར་འཇུག་པའི་སྐྱོན། གལ་ཏེ་མར་མེས་རང་གིས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་སྒྲིབ་པར་ཐལ་ཏེ། "དེ་ལྟ་ན་བུམ་སོགས་མཐོང་བའི་གེགས་མུན་པ་བསྒྲིབས་ནས་མི་སྣང་ན་བུམ་སོགས་སྣང་བར་ཐལ་ལོ། །"[]ཞེས་གསུངས་ན་གལ་ཏེ་མར་མེས་རང་གིས་རང་དང་གཞན་གཉིས་ཀ་གསལ་བར་བྱེད་ཅེས་འདོད་ན་དེ་དང་འདྲ་བར་མུན་པས་ཀྱང་རང་གིས་རང་དང་གཞན་གཉིས་ཀ་སྒྲིབ་པར་ཐལ། གལ་ཏེ་དེ་ལྟར་གྱུར་ན་མུན་པས་བུམ་པ་སོགས་མི་མཐོང་བར་བྱས་ནས་མུན་པ་རང་ཉིད་ཀྱང་མི་མཐོང་བར་བྱེད་པར་ཐལ་ལོ། །དེ་ནི་ཆེས་མི་འགྲིག་པའི་ཁས་ལེན་ཞིག་ཏུ་གསལ་བར་སྣང་བ་ཡིན་ནོ། །

དོན་དགག་པ།

[རྩོམ་སྒྲིག]

ཤེས་པ་རང་རིག་མི་སྲིད་པ། མར་མེའི་དཔེས་ཤེས་པ་རང་རིག་པར་སྒྲུབ་པ་དེ་ཡང་མི་འགྲུབ་སྟེ། "དོན་ཡང་མ་གྲུབ་སྟེ་མར་མེ་ནི་རང་གིས་རང་གསལ་བར་བྱེད་དོ་ཞེས་མར་མེ་ལས་གཞན་དོན་རིག་གི་ཤེས་པས་ཤེས་ཏེ་རྗོད་པར་བྱེད་པ་ཡིན་ན། བློ་ནི་རང་ཉིད་ཀྱིས་རང་རིག་པའམ་རང་གསལ་བྱ་ཉིད་ཡིན་ནོ་ཞེས་ཤེས་པ་གང་གིས་ཤེས་ནས་དེ་སྐད་དུ་བརྗོད་པར་བྱེད་དེ།"[] ཞེས་གསུངས་པའི་དོན་ནི་མར་མེ་རང་གིས་རང་གསལ་བར་བྱེད་ཅེས་བརྗོད་པ་དེ་ཡང་མར་མེ་ལས་གཞན་པའི་ཤེས་པ་ཞིག་གིས་ཤེས་ནས་བརྗོད་པ་ཡིན་ན། དེ་དང་འདྲ་བར་བློ་རང་རིག་པ་ཡིན་ཟེར་བ་དེ་ཡང་གང་གིས་ཤེས་ནས་བརྗོད་པ་ཡིན་ནམ་ཞེས་པའི་དྲི་བ་ཡིན། གལ་ཏེ་བློ་རང་གིས་རང་ཤེས་པ་ཡིན་ན་རང་ལ་རང་ལྟ་བའི་སྐྱོན་དུ་འགྱུར། དུས་གསུམ་གྱིས་མི་ཤེས་པ། ཤེས་པ་རང་གིས་རང་ཤེས་པ་ནི་དུས་གསུམ་གྱིས་མི་སྲིད་དེ། "དུས་མི་མཉམ་ན་ནི་འདས་པ་འགགས་པ་དང་མ་འོངས་པ་མ་སྐྱེས་པའི་ཡུལ་མི་ཤེས་ཤིང་། དུས་མཉམ་པ་ད་ལྟ་བ་ལ་ཕན་ཚུན་ལྟོས་པ་མེད་པས་ཤེས་མི་སྲིད་དོ། །"[] ཞེས་གསུངས་པའི་དོན་ནི་ཤེས་པ་རང་གིས་རང་ཤེས་པར་གྱུར་ན་དུས་མི་མཉམ་པ་འདས་པ་དང་མ་འོངས་པའི་སྐབས་སུ་ནི་ཤེས་བྱེད་ཤེས་པ་དེ་མེད་པས་ཤེས་མི་སྲིད་པ་དང་། དུས་མཉམ་པའི་སྐབས་སུ་ཡང་ཤེས་བྱེད་དང་ཤེས་བྱ་དེ་གཅིག་པུ་ཡིན་པས་ཕན་ཚུན་ལྟོས་པ་མེད་དེ་དེས་ན་ཤེས་པར་ཡང་མི་སྲིད། གསལ་བ་དང་མི་གསལ་བ་གཉིས་ཀའི་སྐྱོན། "གསལ་བའམ་སྟེ། མར་མེ་བཞིན་དུ་གསལ་བའི་བདག་ཉིད་དམ། མི་གསལ་བ་ནི་བུམ་པ་བཞིན་དུ་མི་གསལ་བ་མ་ཡིན་ལ། ཕན་ཚུན་བསྡུ་བའི་ཕྱིར་འམ་གྱི་སྒྲ་གཉིས་སོ། །བློ་ནི་གང་ཆེ་སུས་ཀྱང་མཐོང་བ་མེད་པ་སྟེ། རྟོགས་པ་པོ་འགའ་ཡང་མེད་ལ་རྟོགས་པ་ཅུང་ཟད་ཀྱང་མེད་དེ་རང་དང་གཞན་གཉི་གས་ཀྱང་མ་ཡིན་ནོ། །"[]ཞེས་གསུངས་པའི་དོན་ནི་བློ་ནི་གསལ་བ་ཡིན་ནམ་མི་གསལ་བ་ཡིན་ནམ་ཞེས་དཔྱད་ན། གང་ཡིན་ནའང་སུས་ཀྱང་དངོས་སུ་མཐོང་བ་མེད་དེ། བློ་རང་གིས་རང་རྟོགས་པར་བྱེད་པའི་རྟོགས་པ་པོ་གང་ཡང་མེད་ལ་རྟོགས་པའི་བྱ་བ་ཡང་འགྲུབ་པ་མེད། དེ་ལྟར་རང་དང་གཞན་གང་གིས་ཀྱང་བློ་རང་རིག་པར་རྟོགས་མི་ནུས་སོ། །

རང་བཞིན་གྱི་ཆ།

[རྩོམ་སྒྲིག]

མར་མེའི་ཁྱད་ཆོས། མར་མེ་ནི་གཞན་གསལ་བར་བྱེད་ཀྱི་རང་གསལ་བར་མི་བྱེད་པའི་ཁྱད་ཆོས་ཡོད་དེ། "གསལ་བར་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་དུ་གསལ་བར་བྱ་བ་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་མར་མེ་མུན་གྱིས་བསྒྲིབས་པ་མེད་དེ་མུན་པས་གཡོགས་པ་མ་ཡིན་ནོ། །"[༡༠]ཞེས་གསུངས་པའི་དོན་ནི་མར་མེ་ནི་རང་ཉིད་གསལ་བར་བྱ་དགོས་པའི་ཆོས་མ་ཡིན་པར་བུམ་པ་ལ་སོགས་པ་འདྲ་བར་མར་མེས་གསལ་བར་བྱ་དགོས་པའི་གཟུགས་ཅན་མ་ཡིན། རྒྱུ་མཚན་ནི་མར་མེ་སྐྱེས་པ་དང་དུས་མཉམ་དུ་གསལ་བ་ཡིན་པས་སྔར་མུན་པས་གཡོགས་ནས་ཕྱིས་གསལ་བར་བྱ་དགོས་པ་མེད། ཐ་སྙད་དུ་གསལ་བྱེད་ཀྱི་ངོ་བོ། མར་མེ་ནི་ཐ་སྙད་དུ་གསལ་བྱེད་ཀྱི་ངོ་བོ་ཡིན་ཡང་རང་གིས་རང་གསལ་བར་བྱེད་པ་མིན་ཏེ། "འོན་ཀྱང་དེའི་རང་བཞིན་གྱི་དབང་དུ་བྱས་ཏེ། གཞན་ལ་ལྟོས་པ་མ་ཡིན་པ་ཙམ་ཡིན་ནོ་ཞེས་བརྗོད་པར་བྱའོ། །"[༡༡]ཞེས་གསུངས་པའི་དོན་ནི་མར་མེ་ནི་རང་བཞིན་གྱིས་འོད་གསལ་པོ་ཡིན་པས་གཞན་གྱི་གསལ་བྱེད་ལ་མི་ལྟོས་པར་རང་གི་ངོ་བོར་གསལ་བ་ཞིག་ཡིན། དེ་ནི་རང་གིས་རང་གསལ་བར་བྱེད་པ་ཞེས་པའི་དོན་མིན་པར་གཞན་གྱི་ཤེས་པ་ལ་མི་ལྟོས་པར་གསལ་པོ་ཡིན་པ་ཙམ་ཞིག་གི་དོན་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

མར་མེ་ཞེས་པའི་ཐ་སྙད་ནི་ནང་པའི་ཆོས་ལུགས་ཀྱི་རྣམ་བཤད་གཞུང་དུ་ཤེས་པ་རང་རིག་གི་དཔེར་སྤྱོད་ཅིང་། དེའི་རྩོད་སྤོང་དུ་མར་མེ་རང་གིས་རང་གསལ་བར་མི་བྱེད་པའི་རྒྱུ་མཚན་རྣམས་རྒྱས་པར་བཤད་ཡོད། མར་མེ་ནི་མུན་གྱིས་བསྒྲིབས་པ་མེད་པས་རང་གསལ་བར་བྱ་དགོས་པ་མེད་ལ། གཞན་གསལ་བར་བྱེད་པའི་ངོ་བོ་ཡིན་ཡང་རང་གཞན་གཉིས་ཀ་ལ་འཇུག་པར་གྱུར་ན་མུན་པས་ཀྱང་རང་གཞན་གཉིས་ཀ་སྒྲིབ་པར་ཐལ་བའི་སྐྱོན་ཡོད། དེས་ན་ཤེས་པ་རང་རིག་པའི་དཔེར་མར་མེ་སྤྱོད་པ་དེ་མ་གྲུབ་པར་བསྟན་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  10. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  11. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
"https://bo.wikipedia.org/w/index.php?title=མར་མེ་&oldid=150459"ལས་སླར་རྙེད་སོང།