མཚོན་གྱི་འཇིགས་པ་ཞི་བའི་བདེན་ཚིག་

ཡོང་ཁུངས་Wikipedia

གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་མཚོན་གྱི་འཇིགས་པ་ཞི་བའི་བདེན་ཚིག་བཞུགས།

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བྱམས་ཆེན་རྒྱལ་བ་འཕགས་མཆོག་སྤྱན་རས་གཟིགས།། ཁྲོ་རྒྱལ་རྟ་མགྲིན་རྗེ་བཙུན་སྒྲོལ་མ་སོགས།། མཚན་ཙམ་ཐོས་པས་འཇིགས་པ་ཀུན་སེལ་བའི།། སྐྱབས་གནས་ཐུགས་རྗེའི་བདག་ཉིད་དགོངས་སུ་གསོལ།། རྩོད་ལྡན་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས།། ལས་ངན་ཕྲག་དོག་མཚོ་ཆེན་བརྡོལ་བ་ལས།། འཐབ་རྩོད་སྡུག་བསྔལ་དྲག་པོས་གཟིར་བ་ན།། ཡེ་ཤེས་ཐུགས་རྗེའི་ཞུགས་ཀྱིས་སྐེམས་པར་མཛོད།། ཞེ་སྡང་མེ་དཔུང་འབར་བའི་འགྲོ་བ་ལ།། བྱམས་ཆེན་བདུད་རྩིའི་ཆར་ཆེན་ཕབ་ནས་ཀྱང་།། ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས།། བདེ་སྐྱིད་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས།། གང་གི་རྒྱུད་ལ་ཞུགས་པའི་སྐད་ཅིག་གིས།། བློ་སྣ་ལྷ་མིན་བཞིན་དུ་བསྒྱུར་བྱེད་པའི།། འབྱུང་པོ་གདུག་པའི་ཚོགས་རྣམས་ཚར་བཅད་ནས།། ཕྱིན་ཆད་ཕྱོགས་འདིར་རྒྱུ་བར་མ་གྱུར་ཅིག། གཡུལ་ངོར་ཤི་བའི་སེམས་ཅན་ཐམས་ཅད་ཀྱང་།། དེང་ནས་ལས་ངན་རྒྱུ་འབྲས་ཀུན་སྤངས་ནས།། བདེ་བ་ཅན་དུ་རྫུས་ཏེ་སྐྱེས་ནས་ཀྱང་།། ཐམས་ཅད་ཞིང་དེར་ཁྲིད་པར་མཛད་དུ་གསོལ།། སྐྱེ་རྒུ་ཐམས་ཅད་ཚེ་རིང་ནད་མེད་ཅིང་།། འཐབ་རྩོད་ཀུན་ཞི་དགེ་བ་བཅུ་ལ་སྤྱོད།། ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས།། སྣོད་བཅུད་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་།། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་།། བླ་མ་ཡི་དམ་དཀོན་མཆོག་ཐུགས་རྗེ་ཡིས།། རྣམ་དག་སྨོན་ལམ་རྒྱ་ཆེན་འགྲུབ་པར་ཤོག། ཅེས་པ་འདི་ཉིད་མདོ་ཁམས་མི་ཉག་གི་ཡུལ་དུ་གཡུལ་འཁྲུགས་རྒྱུན་མི་ཆད་པ་སུས་ཀྱང་འདུམ་པར་མ་ནུས་པའི་ཚེ་རྗེ་གྲུབ་ཐོབ་ཆེན་པོ་བྱོན་ཞོར་ཕྱོགས་དེར་ཕེབས་ནས་ཐུགས་བསྐྱེད་མཛད་པས་ལོ་ལེགས་སྐྱ་རྒྱལ་དམེ་འཁྲུགས་ཀྱི་རྒྱུན་ཆད།ཐམས་ཅད་བྱམས་པའི་སེམས་དང་ལྡན་ཞིང་ཕུན་སུམ་ཚོགས་པར་བྱུང་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ།།དགེའོ།།