མཚོ་སྨད་དུ་ཡོད་པའི་སྡེ་སྲིད་འཁྲུངས་ཁང་
སྟོད་ལུང་བདེ་ཆེན་རྫོང་དམར་ཤང་མཚོ་སྨད་གྲོང་ཚོའི་བྱང་ངོས་སུ་ཁང་པ་ཉིས་ཐོག་ཅིག་དང་། སྦྱར་སྡོང་ཆེན་པོ་མང་པོ་ཡོད་པའི་གླིང་ཁ་ཞིག་ཡོད་པ་དེར་དེ་གའི་མང་ཚོགས་ཚོས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་འཁྲུངས་ཁང་ཡིན་ཚུལ་བརྗོད་ཀྱང་། ཚད་ལྡན་ཡིག་ཆ་ཚང་མར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་འཁྲུངས་ཡུལ་ལྷ་སའི་བྱང་ཕྱོགས་ཉང་བྲན་གྲོང་སྨད་དུ་ཡིན་ཚུལ་གསལ་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་སྡེ་སྲིད་ལྔ་བྱུང་ནས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ནི་སྟོད་ལུང་རྒྱ་ལེ་ནས་ཡིན་པ་དང་། སྡེ་སྲིད་འཕྲིན་ལས་རྒྱ་མཚོ་དང་སངས་རྒྱས་རྒྱ་མཚོ་གཉིས་ཉང་བྲན་གྲོང་སྨད་ནས་ཡིན་པ་ཡིག་ཆར་གསལ་ཞིང་། སྡེ་སྲིད་གསུམ་པ་བློ་བཟང་མཐུ་སྟོབས་དང་བློ་བཟང་སྦྱིན་པ་གཉིས་ཀྱི་འཁྲུངས་ཡུལ་གང་ཡིན་ཡིག་ཆ་མ་མཐོང་བས་ཤོད་ཚོད་མ་ཐིག་ཀྱང་མཚོ་སྨད་དུ་ཡོད་པའི་ཤོད་རྒྱུན་ཏེ་བློ་བཟང་མཐུ་སྟོབས་དང་བློ་བཟང་སྦྱིན་པ་སུ་རུང་ཞིག་མིན་ནམ་སྙམ་པ་དཔྱད་དགོས།