Jump to content

མཚོ་སྣ་བ་ཤེས་རབ་བཟང་པོ་

ཡོང་ཁུངས་Wikipedia

རབ་བྱུང་ལྔ་པའི་ལྕགས་ཁྱི(༡༣༡༠)ལོའི་ཡས་མས་སུ་ལྷོ་ཁ་མཚོ་སྣ་ས་ཁུལ་དུ་ཁྱིམ་ཐབ་དབུལ་པོ་ཞིག་ནང་སྐུ་བལྟམས། ཆུང་དུས་སྣར་ཐང་གྲོང་ལྡིང་དཔོན་གྱི་སར་བ་རྫིར་བཞུགས། ཐུགས་རྒྱུད་བཟང་ཞིང་བློ་རིག་བཀྲ་བ། རྡོ་དཀར་གོང་འདམ་པ་ལྟར་བརྫིས་ནས་སྒམ་ཆུང་དང་རླུང་ཐབ་ཀྱི་དབྱིབས་ལྟ་བུར་བཅོས་པ་སོགས་ཐུན་མོང་མ་ཡིན་པའི་མཛད་པ་སྣ་ཚོགས་སྤེལ། སྐབས་དེའི་མཚམས་ལྡིང་དཔོན་གྱིས་ཆོས་རྒྱགས་འབུལ་ཞལ་བཞེས་ཏེ་མཚན་རྗེ་ཉིད་གཉལ་བྲག་གོ་དགོན་པར་ཆོས་ལ་ཞུགས་པར་ཕེབས། བཟང་ཆེན་པས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ཤེས་རབ་བཟང་པོར་གསོལ། དེ་ནས་ཡི་གེ་འབྲི་གློག་ལ་སྦྱངས། ལོ་ཤས་མཚམས་གཞུང་ཆེན་ལ་ཐུགས་སྦྱོང་མཛད་པས་མཁས་པར་གྱུར། དགུང་ལོ་ཉེར་གཅིག་ནས་དབུ་བརྩམས་ཏེ་འདུལ་བ་མདོ་རྩ་བའི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་པོད་ཆེ་བ་སྟོད་སྨད་གཉིས་དང་། མདོ་རྩ་བའི་མཆན་འགྲེལ་པོད་གཅིག་བརྩམས། བྲག་གོར་འདུ་ཁང་ཀ་བ་བརྒྱད་ཙམ་གྱི་རྟེན་དང་བརྟེན་པ་བཅས་དང་དགེ་འདུན་གྱི་སྡེ་དགོན་གསར་འཛུགས་གནང་། མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པས་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། ཕྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་ཤེས་རབ་བཟང་པོའི་འདུལ་བ་མཚོ་ཊཱིཀ་དང་། མདོ་རྩ་མཆན་འགྲེལ་ཤིང་པར་ལ་བརྐོས་གནང་མཛད་པ་དང་། གདན་ས་སེར་འབྲས་དགའ་གསུམ་གྱི་གཞུང་ཆེན་པོད་ལྔར་སློབ་གཉེར་བྱེད་མཁན་ཚོར་འགྲེལ་བ་འདི་ཉིད་རྩ་འཛིན་དགོས་པའི་བཀའ་བཞིན་ཉམས་ལེན་རྒྱུན་འཇགས་སུ་བྱུང་། འདུལ་བ་མཚོ་ཊཱིཀ་དེར་ས་དགེ་རྙིང་གསུམ་སངས་རྒྱས་ཆོས་པ་ཡོངས་རྫོགས་ཀྱིས་ཆ་འཇོག་ཚད་འཛིན་གནང་བ་དང་། རྗེ་འདེ་ཉིད་དགུང་ལོ་བཞི་བཅུའི་ནང་སྐུ་གཤེགས་ནས་རྗེ་ཙོང་ཁ་པ་ཆེན་པོ་ཀུན་མཁྱེན་འདི་ཉིད་ཀྱི་ཡང་སྲིད་དུ་བྱོན་པ་བྲག་གོར་མཁན་ཆེན་ཆོས་སྐྱབས་བཟང་པོས་མཛད་པའི་མཚོ་སྣ་བ་ཆེན་པོའི་གསོལ་འདེབས་ལས་ལམ་ཙམ་གསལ།