མཚོ་སྔོན་པོ་
སྲིད་འདིར་ཡོངས་སུ་གྲགས་པའི་མཚོ་ཆེན་ཞིག་སྟེ་གནའ་དུས་རྒྱའི་ཡིག་ཚགས་ནང་ཤི་ཧའི(西海)ཟེར་བ་དང་། སོག་སྐད་དུ་ཁུ་ཁུ་ནོའར་ཞེས་ཟེར། མཚོ་འདི་ནི་རང་རྒྱལ་གྱི་སྐམ་སའི་ཐོག་ཡོད་པའི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཞིག་ཡིན། མཚོ་འདིའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ། ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན། ནུབ་ཕྱོགས་སུ་བྲག་དཀར་ཐེམ་ཆེན། བྱང་ཕྱོགས་སུ་རྐང་ཚའི་རྫ་དམར་བཅས་རྫ་རི་མཐོན་པོས་མཐའ་ནས་བསྐོར་ཞིང་། མཚོའི་མཐའ་བསྐོར་གྱི་རིང་ཚད་སྤྱི་ལེ་སུམ་བརྒྱ་དྲུག་ཅུ་ཙམ་དང་། ཤར་ནས་ནུབ་བར་གྱི་རིང་ཚད་སྤྱི་ལེ་བརྒྱ་ཙམ། ལྷོ་ནས་བྱང་བར་གྱི་ཞེང་ཚད་སྤྱི་ལེ་དྲུག་ཅུ་ཙམ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་གསུམ། གཏིང་ཚད་རིང་ཤོས་ལ་སྤྱི་ཁྲེ་སུམ་ཅུ་སོ་གཉིས་དང་གྲང་ཆུང་བརྒྱད། མཚོ་ངོས་ཀྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་སུམ་སྟོང་བརྒྱ་དང་དགུ་བཅུ་གོ་ལྔ། ཆུའི་ཤོང་ཚད་སྤྱི་ལེ་གྲུ་བཞི་མ་དུང་ཕྱུར་ཆིག་སྟོང། ཚྭའི་འདུས་ཚད་མཚོ་ཆུ་ཧྲེང་གང་གི་ནང་ཚྭ་ཁེ་བཅུ་གཉིས་དང་ཆ་ཤས་ལྔ་ཙམ་ཡོད། མཚོ་ཆུའི་གྲང་ཚད་ཏུའུ་ཉིས་ཤུ་རྩ་ལྔར་སླེབས་ཤིང་། དགུན་དུས་སུ་ཁ་བས་གཡོགས་པའི་མཚོ་ཞིག་ཡིན། མཚོ་ནང་དུ་མཚོ་སྙིང་རི་དང་མཚོ་མགོའི་གླིང་ཕྲན། མཚོ་མཇུག་གི་མཚེར་པ་རི། འདྲེ་མོ་བྲག་དཀར། བྱ་གླིང་བཅས་གླིང་ཕྲན་ལྔ་ཡོད་པ་དང་། དེའི་ནང་ནས་མཚོ་སྙིང་རི་བོ་ཆེ་ཤོས་ཡིན། མཚོ་སྔོན་པོའི་འཕེལ་རིམ་ནི། དེང་སང་གི་ཚན་རིག་པས་ཞིབ་འཇུག་བྱས་པའི་བསྡོམས་ཚིག་ལྟར་ན། ཧ་ལམ་ལོ་ས་ཡ་གཉིས་ཀྱི་སྔོན་རོལ་དུ། ས་ཡི་གོ་ལའི་ཤུན་པ་རྙིང་པའི་ནང་ཤུགས་ལ་བརྟེན་ནས་ས་གཤིས་འགྱུར་བ་ཐེངས་གསུམ་བྱུང་བའི་དབང་གིས་སྔོན་གྱི་ས་ཤུན་རིལ་པོ་དེ་དུམ་བུར་སོང་སྟེ་ཕྱོགས་གཅིག་རི་བོར་གྱུར་ཞིང་ཕྱོགས་གཞན་དག་གི་ས་རིམ་པས་བརྡིམས་ནས་མུ་མཐུད་དམའ་རུ་སོང་བར་བརྟེན་རི་རྒྱུད་དང་གཤོང་སའི་ཁྱད་པར་མངོན་གསལ་ཆེ་རུ་ཕྱིན་པ་དང་། ས་རིམ་དུམ་བུར་གས་པའི་འཁོར་ཕྱོགས་ནི་བྱང་ནས་ནུབ་ཏུ་བསེགས་ཤིང་དེ་ནས་ནུབ་ཏུ་འཁོར་བ་དང་། ལྷོ་ནས་བྱང་དུ་ཅུང་བསེགས་པའི་གཤོང་ས་ཆགས། དེའི་ཤུལ་དུ་ཆུ་བསགས་ནས་མཚེའུ་ཆུང་ངུ་ཞིག་ཏུ་གྱུར། མཚོ་ཆུའི་ཡོང་ཁུངས་གཙོ་བོ་ནི་ཆར་ཆུ་དང་། མཚོ་ནང་དུ་བཞུར་བའི་ཆུ་། ས་འོག་གི་ཆུ་བཅས་ནས་བྱུང་བ་ཡིན་། མཚོ་སྔོན་པོའི་མཚོ་དེ་ནི་ཐོག་མའི་དུས་སུ་ཚྭ་མེད་པའི་མཚེའུ་ཞིག་ཡིན་ཀྱང་། ཧ་ལམ་ལོ་ཁྲི་གཅིག་ལྷག་ཙམ་གྱི་གོང་དུ། མཚོ་ཁུལ་གྱི་དྲོད་ཚད་མཐོ་རུ་སོང་བ་དང་། མཚོ་ཆུ་རླངས་པར་འགྱུར་བའི་ཚད་དེ་ཆུའི་འབབ་ཚད་ལས་བརྒལ་བར་བརྟེན། མཚོ་ཆུ་མར་འགྲིབ་ཏེ་མཚོ་ངོས་རྒྱ་ཇེ་ཆུང་དུ་སོང་། མཚོ་ཆུའི་ངོ་བོ་ལན་ཚྭའི་རོ་ཅན་དུ་གྱུར་ཅིང། མཚོའི་གཏིང་གི་སྙིགས་མ་འཐུག་ཏུ་སོང་བ་དང་། སྔོན་ཆད་མཚོ་ནང་དུ་ཡོད་པའི་གླིང་ཕྲན་ཁ་ཤས་མཚོ་དང་ཁ་བྲལ་ནས་ཁེར་རྐྱང་དུ་ལུས་པའི་མཚོ་འགྲམ་གྱི་རི་བོར་གྱུར་པ་མ་ཟད། ད་ལྟ་ཡང་མདའ་བཞིའི་མཚོ་ཁུག་དེ་ཡང་བུ་མཚོར་འགྱུར་བཞིན་པའི་སྐབས་ཡིན། ད་ལྟའི་མཚོ་སྔོན་པོ་འདི་གནའ་རབས་ཀྱི་མཚོ་སྔོན་པོ་དང་བསྡུར་ན་ཤར་ནུབ་གཉིས་ཀྱི་ཕྱོགས་སུ་མཚོ་ཆུ་སྤྱི་ལེ་ཉི་ཤུ་ལྷག་ཇེ་ཆུང་དུ་སོང་ཞིང་། རྒྱ་ཁྱོན་སུམ་ཆ་གཅིག་ཆུང་དུ་སོང་ཡོད་པ་དང་། གཏིང་ཟབ་ཚད་སྤྱི་ཁྲེ་བརྒྱ་ཙམ་དམའ་རུ་སོང་ཡོད། ཞིམ་པར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་《མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན་》ཞེས་པ་སོགས་མཚོ་སྔོན་གྱི་ལོ་རྒྱུས་དང་ས་རྒྱུས་སྐོར་གྱི་རྩོམ་ཡིག་ཁག་ལ་གསལ།