མཚམས་སྦྱོར་ཁ་ཡིག
བདེན་ཁ་འབྱིན་པའི་ཐོལ་གླུ། རྫོགས་ཆེན་སྐུ་ཕྲེང་དྲུག་པའི་ཡང་སྤྲུལ་འཇིགས་མེད་བློ་གསལ་དབང་པོ་མཆོག་ལ་ཕུལ་བ། _____བེ་རི་འཇིགས་མེད།
བསྟོད་པའི་མཐའ་ལ་འཛེགས་པའི་འུད་སྒྲོག་དང་༎ སྨོད་པའི་གཡང་ལ་བསྐྱུར་བའི་སྐུར་འདེགས་གཉིས༎ ཀ་དག་ཁྲེགས་ཆད་དབྱིངས་སུ་རྒྱས་བཏབ་ནས༎ འགོག་པའི་ཚིག་རྒྱན་རི་མོ་འགའ་ཞིག་སྤེལ༎
བང་བ་གསེར་ལ་བརྗོད་པའི་འུར་སྒྲོག་མིན༎ ར་གན་གསེར་དུ་འཛིན་པའི་སྒྲོ་བཏགས་མིན༎ བསྲེགས་བཅད་བརྡར་བའི་ངོས་འཛིན་མེད་པ་མིན༎ གསེར་གྱི་རང་མདངས་གསལ་བའི་རྫོགས་ཆེན་པ༎
གངས་དང་བྱེ་མའི་གསེབ་ནས་སྐྱེས་པ་མིན༎ བཅོས་མའི་དྲི་བཟང་་ཕྱི་ནས་བྱུག་པ་མིན༎ སྐྱེས་སྦྱངས་ཤེས་བྱའི་ལོ་འདབ་མེད་པ་མིན༎ ཧ་རི་ཙནྡན་ལྗོན་བཟང་རྫོགས་ཆེན་པ༎
རྒྱ་རྒན་མགོ་བསྐོར་གཏོང་མཁན་ཟོག་པོ་མིན༎ རྒྱ་མོ་ལྐོག་ཏུ་རུམ་པའི་འཆལ་ཕོ་མིན༎ ཉམས་རྟོགས་མེད་པར་རིག་མ་བསྟེན་པ་མིན༎ ངེས་དོན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ༎
ཐོས་པ་མ་བསགས་ཆོས་བཤད་ཉ་པ་མིན༎ བསམ་པས་མ་དཔྱད་རྒན་མོའི་དག་སྣང་མིན༎ སྒོམ་པས་མ་མྱངས་ཕྱི་བ་ཕུགས་ཉལ་མིན༎ ཉམས་རྟོགས་མཐའ་ལ་སོན་པའི་རྫོགས་ཆེན་པ༎
ཕ་ངོ་བུ་ཡིས་མི་ཤེས་དྭ་ཕྲུག་མིན༎ ཕ་ཤུལ་ཚ་བོས་བརླག་པའི་ཀླད་སྟོང་མིན༎ ཕ་ཆོས་གཙང་མ་རླུང་ལ་བསྐུར་མཁན་མིན༎ ཕ་རུས་རྒྱུན་འཛིན་གནང་མཁན་རྫོགས་ཆེན་པ༎
མ་གྱུར་འགྲོ་བ་རིས་སུ་བོར་བ་མིན༎ མ་རབས་སྤྱོད་པས་གཞན་སེམས་དཀྲུག་མཁན་མིན༎ མ་ཡིན་ཡིན་མདོག་བྱས་པའི་རྫུན་རྐྱལ་མིན༎ མ་ཆོས་བསྟན་པའི་བདག་པོ་རྫོགས་ཆེན་པ༎
ཡིག་དྲུག་འགྲོ་དྲུག་ཡ་དྲུག་གི་གྲངས༎ མཚོན་པའི་ཚིགས་བཅད་དྲུག་གི་རྐང་པ་ལ༎ དགག་ཚིག་སོ་དྲུག་སྦྱར་བའི་སྙན་ཚིག་འདི༎ རྫོགས་ཆེན་དྲུག་པའི་མཆོག་སྤྲུལ་ཁྱོད་ལ་ཕུལ༎
དགེ་ཟུར་མིང་ཙམ་འདྲེན་པ་བེ་རི་འཇིགས་མེད་དབང་གིས་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་སློབ་རྩོམ་རིག་བསྟི་གནས་ཁང་ནས་2014ལོའི་ཟླ 11ཚེས 19གཟའ་ལྷག་པའི་ཉིན་བྲིས།