མཚན་མ་ལ་སྤྱོད་པ་
མཚན་མ་ལ་སྤྱོད་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རྣམ་གྲངས་ཤིག་སྟེ། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་སྦྱོར་ལམ་གྱི་སྐབས་སུ་བདེན་ཞེན་གྱི་རྣམ་རྟོག་གིས་ཆོས་ཉིད་དེ་ཁོ་ན་ཉིད་ལ་སྤྱོད་པའི་ཚུལ་སྐྱོན་ཅན་ཞིག་ལ་གོ
སྒྲ་བཤད།
[རྩོམ་སྒྲིག]མཚན་མ་ཞེས་པ་ནི་བདེན་འཛིན་གྱི་རྣམ་རྟོག་གམ་བདེན་པར་གྲུབ་པའི་རྟགས་མཚན་ལ་གོ སྤྱོད་ཅེས་པ་ནི་དེ་ལ་འཇུག་ཅིང་མཉམ་པར་བཞག་པ་ལ་གོ
མཚན་ཉིད།
[རྩོམ་སྒྲིག]"བྱང་ཆུབ་སེམས་དཔའ་དེ་ནི་བདེན་འཛིན་གྱི་མཚན་མ་ལ་སྤྱོད་པ་ཡིན་པས། དོན་དམ་པར་སྐྱེ་བ་མེད་པའི་གནས་ལ་དད་པ་མིན་ནོ། །"[༡]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ཕུང་པོ་ལ་སོགས་པ་སྟོང་པར་མཐོང་ཡང་། དེའི་སྟོང་ཉིད་ལ་ཡང་བདེན་ཞེན་གྱིས་སྤྱོད་པ་དེ་ཡིན།
ནང་དོན།
[རྩོམ་སྒྲིག]སྦྱོར་ལམ་བཟོད་པའི་སྐབས་སུ་ལམ་འཁྲུལ་གྱི་རིགས་གཅིག
"གལ་ཏེ་གཟུགས་སོགས་བདེན་པས་སྟོང་པའི་ཚུལ་དེ་མི་ཤེས་བཞིན་དུ། གཟུགས་སུ་བདེན་ཞེན་གྱི་འདུ་ཤེས་འབྱུང་ཞིང་ཚོར་བ་དང་འདུ་བྱེད་སེམས་པ་དང་རྣམས་ཤེས་ཀྱི་ཕུང་པོ་ལ་བདེན་ཞེན་གྱིས་སྤྱོད་པར་བྱེད་ན་མི་རུང་ཞིང་། ཕུང་པོ་འདི་རྣམས་བདེན་པས་སྟོང་སྙམ་དུ་ཡང་བདེན་ཞེན་གྱིས་རྟོག་ཅིང་དཔྱོད་ནའང་། བྱང་ཆུབ་སེམས་དཔའ་དེ་ནི་བདེན་འཛིན་གྱི་མཚན་མ་ལ་སྤྱོད་པ་ཡིན་པས། དོན་དམ་པར་སྐྱེ་བ་མེད་པའི་གནས་ལ་དད་པ་མིན་ནོ། །"[༢]ཞེས་གསུངས་པ་ལྟར། དེ་ནི་ཕུང་པོ་ལ་བདེན་ཞེན་མི་རུང་བར་མ་ཟད། ཕུང་པོ་བདེན་སྟོང་ལའང་བདེན་ཞེན་མི་རུང་བར་སྟོན་པ་ཡིན།
ཡང་དག་པའི་ལམ་དང་འགལ་བའི་སྤྱོད་པ། "སྟོང་པ་ཉིད་དུ་བསྟན་པ་ལ་མངོན་པར་སྐྲག་པ་མེད་པར། རང་བཞིན་གྱིས་སྟོང་པ་དང་སྣང་བ་དབྱེར་མེད་པར་བདེན་གཉིས་ཟུང་དུ་ཆུད་པ་ཡི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་པར་གཤེགས་པས་ཐུགས་སུ་ཆུད་ཅིང་བསྟན་པའི་ཤེས་རབ་ཟབ་མོ་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །"[༣]ཞེས་གསུངས་པ་ལྟར། ཡང་དག་པའི་ལམ་ནི་བདེན་གཉིས་ཟུང་དུ་ཆུད་པའི་ཤེས་རབ་ཡིན་ལ། མཚན་མ་ལ་སྤྱོད་པ་ནི་དེ་དང་འགལ་བ་ཡིན།
ཉེས་དམིགས།
[རྩོམ་སྒྲིག]སྦྱོར་ལམ་ནས་འདའ་ཐབས་མེད་པ། "བྱང་ཆུབ་སེམས་དཔས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དོན་དམ་ཁ་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་པར་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་མེད་པ་མ་ཡིན་པས་མི་འཇིགས་པར་བསྒྲུབས་ནས་རྨོངས་པ་མེད་པར་བྱའོ། །"[༤]ཞེས་གསུངས་པ་ལྟར། མཚན་མ་ལ་སྤྱོད་པས་ཀུན་རྫོབ་དང་དོན་དམ་གཉིས་ཀ་ལ་སྐྱོན་སྐྱེད་ཅིང་ལམ་གྱི་བར་ཆད་དུ་འགྱུར།
གཉེན་པོ།
[རྩོམ་སྒྲིག]"བྱང་ཆུབ་སེམས་དཔའ་གང་ཞིང་གཟུགས་སོགས་ཕུང་པོ་ལྔ་ལ་བདེན་ཞེན་གྱིས་མི་རྟོག་མི་སྤྱོད་ཅིང་། དོན་དམ་པར་ནི་དམིགས་པ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་ཐ་སྙད་དུ་བདེན་སྟོང་ལ་སྤྱོད་ཅེས་བྱ་ཡང་། དེར་སྤྱོད་ཅེས་བྱ་བར་དོན་དམ་པར་མི་དམིགས་པར་སྤྱོད་ན་ཤེས་རབ་བརྟན་པ་ཡིན་ལ། དེ་ནི་དོན་དམ་པར་སྐྱེ་བ་མེད་པར་རྟོགས་པའི་བློ་དང་ལྡན་པའི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་པ་ཡིན་ནོ། །"[༥]ཞེས་གསུངས་པ་ལྟར། མཚན་མ་ལ་སྤྱོད་པའི་གཉེན་པོ་ནི་དམིགས་པ་ཐམས་ཅད་ལ་མི་གནས་པར་སྤྱོད་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་6b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་6b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་5b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་17
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་6b-7a