མནོལ་བསང་ལྷ་ཆབ་སྔོན་མོ་

ཡོང་ཁུངས་Wikipedia

མནོལ་བསང་ལྷ་ཆབ་སྔོན་མོ་བཞུགས། ༄༅། །པདྨ་ས་ཝ་ལ་ན་མོ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། བསམ་ཡས་མཆིམས་ཕུའི་བྲག་ཏུ་སྒྲུབ་པ་མཛད་པའི་ཚེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ཁམས་ཡུན་རིང་མ་བདེ་ཞིང་། དེའི་ཡུལ་དུ་བཙའ་སད་སེར་གསུམ། ནད་ཡམས་མུ་གེ་ལ་སོགས་པ་མི་བདེའི་མཚན་ལྟས་མང་དུ་བྱུང་བས། དེར་རྒྱལ་བློན་རྣམས་ཀྱིས་གྲོས་བྱས་ནས། སྨན་པ་རྩིས་པ་སོགས་གང་ལས་གང་ཟབ་བོས་ནས་ཕྱག་རྩ་བརྟག་པར། སྨན་པའི་ཞལ་ནས། ནད་འདུ་བ་རྣམ་བཞིའི་རྩ་ན་མི་འཇུག་ཅིང་འཐིབ་ཀྱི་རྩ་གཅིག་འདུག་པས། མི་གཙང་བའི་མནོལ་གྲིབ་བསྙུང་ནད་ཡིན་པ་འདྲ་ཟེར། དེ་ནས་མོ་བས་མོ་བཏབ། རྩིས་པས་རྩིས་བྱས་པས་ཐམས་ཅད་ཁ་འཆམ་པར་མི་གཙང་བའི་མནོལ་གྲིབ་ཀྱིས། རྒྱལ་པོ་དང་ཡུལ་ལྷ་ཐམས་ཅད་འཁྲུགས་པར་འདུག་ཟེར་བ་ལ། དེར་སྨན་པ་རྩིས་པ་སོགས་ཀྱིས་གང་འདྲས་མནོལ་བ་མ་ཤེས་པར། རྒྱལ་པོའི་བཙུན་མོ་མང་བཟའ་ཁྲི་ལྕམ་བྱ་བ་ཞིག་ལ་རྩོག་མནོལ་གྱི་བུ་གཅིག་བྱུང་བས། བཙུན་མོས་གསང་ནས་ཁོལ་མོ་ཞིག་ལ་གཏད་པར་ཁྱོད་ཀྱིས་འདི་སུས་ཀྱང་མ་མཐོང་བར་སྦས་པ་གལ་ཆེ་ཟེར་བས། ཁོལ་མོས་ཕུག་གཅིག་ཏུ་སྦས་པའི་རྐྱེན་གྱིས་ས་བདག་གི་ལྟོ་བར་ཕྲད་པས་ས་བདག་ཡུལ་ལྷ་ཐམས་ཅད་ལ་མི་གཙང་བའི་གྲིབ་ཕོག་ནས་འཁྲུགས་པས་རྒྱལ་པོ་དང་ཡུལ་ཁམས་ཐམས་ཅད་དུ་མི་བདེ་བ་བྱུང་། དེར་ཁོལ་མོ་ལ་ཡང་མི་གཙང་བའི་གྲིབ་ཕོག་ནས་ན་བས། མགོ་དང་ཡན་ལག་ཞ་གྲུམ་དུ་སོང་། སླར་ཡང་སྨན་པ་བོས་ནས་བསྟན་པས་འདུ་བ་རྣམ་བཞིའི་ནད་ནི་མི་འདུག ། མི་གཙང་བའི་མནོལ་སྒྲུབ་ཕོག་འདུག་པས། གང་གིས་མནོལ་བ་མ་ཤེས་ནའང་ཁྱོད་ཀྱི་ནད་དེ་ལ་ཕན་པའི་ཐབས་ང་རང་ལ་མེད་ཟེར་བས། དེར་ཁོལ་མོས་ཁྲི་ལྕམ་གྱི་བུ་སྦས་ཚུལ་ཇི་བཞིན་དུ་བཤད་པས། དེར་གཅིག་སྨྲ་གཉིས་སྨྲ་བས་རྒྱལ་པོའི་སྙན་དུ་གསན་པས། རྒྱལ་པོས་མང་བཟའ་ཁྲི་ལྕམ་ལ་བོས་དྲིས་པས་ཁྲི་ལྕམ་གྱིས་དྲང་བོར་མ་བཤད་ན་ཁོལ་མོ་ལ་སྲོག་ཉེན་འདུག་པ་དགོངས་ནས་དྲང་པོར་ཞུས་པས་རྒྱལ་པོ་ཤིན་ཏུ་ཐུགས་ཁྲེལ་དགོངས་ནས། ཁྲི་ལྕམ་ལ་ཆད་པ་གཅད་པར་འོས་པས། ཁྲི་ལྕམ་ཨོ་རྒྱན་རིན་པོ་ཆེའི་མདུན་དུ་སྐྱབས་འཚོལ་དུ་བྲོས་པས། ཨོ་རྒྱན་ཆེན་པོས་རྒྱལ་པོ་ལ་ཕྱག་མདུད་ཡི་གེ་བཅས་བསྐུར་ནས། བཙུན་མོ་ཁྲི་ལྕམ་ལ་ཆད་པ་བཅད་པ་མི་འོས་འདྲ། གང་ཡིན་ཀྱང་ང་སྣང་སྲིད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་བ་ཡིན། སྣ་ཚོགས་ཀྱི་སྣང་བ་རྟེན་འབྲེལ་དུ་བསྒྱུར་ཤེས་པ་ཡིན་པས། མི་གཙང་བའི་མནོལ་གྲིབ་འདི་ལས་ཆེ་བ་ཉོན་མོངས་དུག་ལྔའི་གྲིབ་སེལ་བར་བྱེད་པ་ལ་སླ་བ་ཚེགས་ཆུང་བ་དོན་ཆེ་བའི་ཐབས་ཡོད་པས། རྫས་དང་ཡོ་བྱད་འདི་ལྟ་བུ་དགོས་པས་ཐམས་ཅད་ཚང་བར་གྱིས་ལ། རྒྱལ་པོ་ཐུགས་ཁྲེལ་མ་གནང་བར་སང་རྒྱལ་བློན་འཁོར་བཅས་བསམ་ཡས་ཧེ་པོ་རིའི་རྩེ་མོར་བྱོན་ཅིག །ཅེས་གསུངས་པས། རྒྱལ་པོ་ཤིན་ཏུ་དགའ་ནས་རྫས་དང་ཡོ་བྱད་བསགས་ནས། སང་ཧེ་པོ་རིའི་རྩེར་བྱོན་པ་ལ། དེར་སློབ་དཔོན་ཆེན་པོས་གཞུང་ནས་བྱུང་བའི་རྫས་རྣམས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསགས་ལ། རཾ་ཡཾ་ཁཾ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་འབྱུང་བ་ལྷའི་རོ་བཅུད་ཐམས་ཅད་བསྡུས། བསང་རྫས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ། མི་གཙང་བའི་དྲི་མ་ཉེས་སྐྱོན་ཐམས་ཅད་སྦྱངས་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། བར་སྣང་ནམ་མཁའ་ས་གཞི་ཐམས་ཅད་ཡོངས་སུ་ཁྱབ་པའི་དུད་སྤྲིན་བསམ་གྱིས་མི་ཁྱབ་པར་བཀང་བར་སྤྲོས་ཏེ། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཤིང་། དང་པོ་མནོལ་བསང་བྱ་བ་ནི། འདི་སྐད་དོ། ཀྱཻཿ སེམས་ཅན་ཀུན་ཀྱང་མ་རིག་འཐིབ་བོས་མནོལ། །ཉོན་མོངས་དུག་ལྔས་ཡེ་ཤེས་ལྷ་ལྔ་མནོལ། །སྒོ་གསུམ་མི་དགེ་ལུས་ངག་ཡིད་གསུམ་མནོལ། །འདུལ་ཁྲིམས་ཉམས་པས་ལུས་ལྷ་མཁའ་འགྲོ་མནོལ། །དམ་ཚིག་ཉམས་པས་རྡོ་རྗེ་སློབ་དཔོན་མནོལ། །ཚོགས་གཏོར་ཆུང་ངུས་མ་དང་མཁའ་འགྲོ་མནོལ། །ཕུད་ཉམས་ལྷག་མས་ཆོས་སྐྱོང་སྲུང་མ་མནོལ། །སེར་སྣ་བསགས་པས་བཀའ་སྲུང་དམ་ཅན་མནོལ། །ཏིང་འཛིན་འཁྲུགས་པས་སྲིད་པའི་མ་མོ་མནོལ། །བརྩེ་གདུང་འཁྲུགས་པས་མཆེད་དང་ལྕམ་དྲལ་མནོལ། །ཞེ་སྣང་འཁྲུགས་པས་ཞི་བའི་ལྷ་རྣམས་མནོལ། །ང་རྒྱལ་འཁྲུགས་པས་རྒྱས་པའི་ལྷ་རྣམས་མནོལ། །འདོད་ཆགས་འཁྲུགས་པས་དབང་གི་ལྷ་རྣམས་མནོལ། །ཕྲག་དོག་འཁྲུགས་པས་དྲག་པོའི་ལྷ་རྣམས་མནོལ། །གཏི་མུག་འཁྲུགས་པས་གསལ་བྱེད་ལྷ་རྣམས་མནོལ། །དཀར་དམར་ཐབ་གཞོབ་ཡུལ་ལྷ་གཉན་པོ་མནོལ། །ཐབ་འཁོན་འཁྲུགས་པས་བྱེས་ལྷ་གཉན་པོ་མནོལ། །མི་གཙང་ཐབ་ཀྱིས་ཁྱིམ་ལྷ་ཁྱིམ་བདག་མནོལ། །མི་གཙང་དྲི་ཡིས་མགོན་སྐྱབས་ལྷ་རྣམས་མནོལ། །ཁྱད་པར་མི་གཙང་བུད་མེད་པང་སྨེ་མནོལ། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་རྣམས་མནོལ། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་མནོལ། །ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་མནོལ། །ཀྱེ༔ ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར། །མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ། །ངག་མནོལ་སྐད་འགག་ལྐུག་ཅིང་སྨྲ་མི་བདེ། །མཆིལ་སྣབས་མང་ཞིང་སྣ་འཚུབ་ལྕེ་ཐོག་བརྣངས། །ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ། །བརྗེད་ངས་གཉིད་འཐིབ་བྱིང་ཞིང་མཚན་མོ་ཡེར། །མགོ་མནོལ་མགོ་འཁོར་མིག་གྲིབ་རྣ་བ་འོན། །ཡན་ལག་མནོལ་བས་ཞ་གྲུམ་སྦྲིད་ཅིང་ན། །ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང་། །མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་སྒོ་ཆད། །རྒྱབ་རྟེན་ལྷ་མནོལ་གཞི་ཡི་ལས་མི་འགྲུབ། །དགྲ་ལྷ་མནོལ་ན་དགྲ་སྲི་ཐང་དཀར་ལ། །བྱེས་ལྷ་མནོལ་ན་མགྲོན་འཐོམས་གྲོགས་དང་འབྲལ། །མགྲོན་ལྷ་མནོལ་ན་མགྲོན་རྣམས་དོན་མི་འགྲུབ། །གཞི་ལྷ་མནོལ་བས་གཞི་ལྷ་སྡོད་མི་ཚུགས། །ཡུལ་ལྷ་མནོལ་བས་ནད་འཁྲུགས་མུ་གེ་འབྱུང་། །ཁང་ལྷ་མནོལ་བས་ཟག་ཅིང་ཙག་སྒྲ་འབྱུང་། །རྦ་ལྷ་མནོལ་བས་རུལ་ཞིང་ལྡོག་འགྱུར་མང་། །ནོར་ལྷ་མནོལ་བས་སྟོང་ཤིང་འབྱོར་མི་རྒྱས། །ཕྱུགས་ལྷ་མནོལ་བས་སྤུ་འབྱི་ལྟས་ངན་འབྱུང་། །ཞིང་ལྷ་མནོལ་བས་ཞིང་ས་ཁོལ་བུར་སྟོང་། །ཐབ་ལྷ་མནོལ་བས་བཅུད་མེད་སྟོང་ཞིང་འགོང་། །གྲོགས་ལྷ་མནོལ་བས་ཟས་ཁར་འགོང་བོ་འཇུག། གོ་མཚོན་མནོལ་བས་གོ་ལོག་རྣོ་མཚོན་རྡུགས། །རྟ་ཕོ་མནོལ་བས་རྒལ་རྡོ་འགོམ་ལམ་ཉམས། །སྒོ་ཁྱི་མནོལ་བས་སྐད་འགག་བཙན་རྫི་ཞན། །ཁ་རྗེས་མནོལ་བས་མི་རབས་ལད་མོ་ཤོར། །དབང་ཐང་མནོལ་བས་བརྗེད་ངས་དབང་བོ་ཉམས། །རླུང་རྟ་མནོལ་བས་སེམས་སྟོར་དོན་མི་འགྲུབ། །ལུས་ཀྱི་ལྷ་མནོལ་གཉིད་འཐིབ་དྲན་པ་ཉམས། །ལུས་ཀྱི་ཀླུ་མནོལ་ཤ་འགུལ་ཤ་རོ་ལྡང་། །ཕྲག་ལྷ་མནོལ་བས་བཀྲག་དང་གཟི་མདངས་ཉམས། །ལུས་ཀྱི་ལྷ་སྲུང་མནོལ་བས་ལུས་མི་བདེ། ། སྲུང་སྐྱོབ་ལྷ་རྣམས་མནོལ་བས་སེམས་མི་བདེ། །ལུས་ཀྱི་ཤ་མནོལ་ཤ་འཆོར་ཉམས་སྟོབས་ཆུང་། །རུས་མནོལ་རུས་ཀུན་ཟུག་ཅིང་སྲིན་བུ་ལྡང་། །ཁྲག་མནོལ་ཐིག་ལེ་སྨད་ལྷུང་ཁྲག་རྣམས་འཛག། པགས་མནོལ་ཆུ་བུར་བརྡོལ་ཞིང་ཟ་འཕྲུག་བྱེད། །ཆུ་རྒྱུས་རྩ་མནོལ་ཞ་གྲུམ་སྦྲིད་ཅིང་སྐྲང་། །སྤུ་མནོལ་སྤུ་རྣམས་འབྱི་ཞིང་སློག་ཀྱིན་ཐུལ། །གཞན་ཡང་སྨེ་མནོལ་རྩོག་མནོལ་རྨུག་གི་མནོལ། །ཡུགས་སའི་མནོལ་དང་རབས་ཆད་ཕོ་མོའི་མནོལ། །ནལ་བུ་མོ་མཚན་ཟླ་མཚན་ཟག་པའི་མནོལ། །ཟས་མནོལ་གོས་མནོལ་ཐབ་གཞོབ་འཁོན་གྱི་མནོལ། །ཤི་བའི་དུར་སྲི་གསོན་པོའི་ནང་དམེའི་མནོལ། །སྡིག་ཅན་བཤན་པ་མནའ་ཟན་དྲི་བོའི་མནོལ། །དེ་ལ་སོགས་པའི་མནོལ་གྲིབ་ཐམས་ཅད་ཀུན། ། ཀྱེཿ འབྱུང་བའི་དྭངས་མ་ལྔ་ལས་གྲུབ་པ་ཡི། ། ས་ལ་བརྟེན་པའི་ཆུ་ཡིས་རབ་ཏུ་བརླན། །མེ་ཡིས་དྲོད་སྐྱེད་རླུང་གིས་རབ་བསྐྱོད་པའི། །རྩ་བ་ཀླུ་ཡི་གནས་ནས་སྐྱེ་བའི་ཤིང་། །རྩེ་མོ་ལྷ་གནས་རབ་ཏུ་སྨིན་པའི་ཤིང་། །ལོ་འདབ་མི་ཡི་གནས་སུ་ཁྱབ་པའི་ཤིང་། །དྲི་ཡིས་ཕྱོགས་ཀུན་མ་ལུས་ཁྱབ་པའི་ཤིང་། ། ཁ་དོག་དྲི་རོ་ནུས་དང་ལྡན་པའི་ཤིང་། །ཤིང་མཆོག་ཙནྡན་དཀར་དམར་ཨ་ཀ་རུ། །གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང་། །དུང་ཤིང་བ་ལུ་སྟག་པ་སྤེན་དཀར་དང་། །འོན་བུ་སྤ་སྙུག་ཉ་རུབ་གསེར་མགོ་ཅན། །ཕོ་ཤིང་མོ་ཤིང་བུ་ཤིང་ཤིང་སྣའི་ཚོགས། །འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣའི་ཚོགས། །དྲི་ལྡན་རོ་ནུས་ཁ་དང་སྐ་བའི་རིགས། །ནས་འབྲས་གྲོ་དང་སོ་བ་ཡུངས་མ་དང་། །འབྲས་སྣ་དཀར་ནག་འབྲུ་ཡི་རིགས་རྣམས་དང་། །དར་ཟབ་རིན་ཆེན་ཤིང་འབྲུ་ཕྱེ་མར་དང་། །གསེར་སྐྱེམས་ཆང་དང་ཤིང་མཆོག་ཁུ་བའི་བཅུད། །དཀར་གསུམ་ཕུད་དང་མངར་གསུམ་དྭངས་མ་དང་། །ཤ་ཁྲག་སྣ་ཚོགས་དབང་བོ་རྣམ་ལྔའི་གསུར། །བྱིན་གྱིས་བརླབས་པའི་དམ་རྫས་དཀར་དམར་དང་། །གུ་གུལ་དཀར་དག་དྲི་སྤོས་སྣ་ཚོགས་སོགས། །ཕྱི་ནང་གསང་གསུམ་མནོལ་གྲིབ་སེལ་བའི་རྫས། །མེས་བསྲེག་ཆུས་བཀྲུས་རླུང་གིས་རབ་གཏོར་བས། །ནམ་མཁའ་བཞིན་དུ་སྟོང་བར་གྱུར་བའི་ངང་། །རཾ་ལས་སྐྱེས་པའི་མེ་ལ་བསྲེག་པ་ཡིས། །དྲི་མཆོག་དྲི་གསུར་རྣམ་པ་སྣ་ཚོགས་ཀྱིས། །ཡེ་ཤེས་གྲིབ་མེད་ངང་དུ་སངས་གྱུར་ཅིག །ཀྱཻཿ མ་རིག་དབང་གིས་མནོལ་ན་རང་བྱུང་ཡེ་ཤེས་བསང་། །དུག་ལྔའི་དབང་གིས་མནོལ་ན་རིགས་ལྔའི་སངས་རྒྱས་བསང་། །སྒོ་གསུམ་མི་དགེས་མནོལ་ན་སྐུ་གསུམ་ལྷ་རྣམས་བསང་། །འདུལ་ཁྲིམས་ཉམས་པས་མནོལ་ན་ལུས་ཀྱི་མཁའ་འགྲོ་བསང་། །དམ་ཚིག་ཉམས་པས་མནོལ་ན་རྡོ་རྗེ་སློབ་དཔོན་བསང་། །བརྩེ་གདུང་འཁྲུགས་པས་མནོལ་ན་མཆེད་དང་ལྕམ་དྲལ་བསང་། །ཚོགས་གཏོར་ཆུང་བས་མནོལ་ན་མ་དང་མཁའ་འགྲོ་བསང་། །ཕུད་ཉམས་ལྷག་མས་མནོལ་ན་ཆོས་སྐྱོང་སྲུང་མ་བསང་། །དམ་རྫས་ནང་འདྲེས་མནོལ་ན་གཙང་རིས་མགོན་པོ་བསང་། །སེར་སྣ་བསགས་པས་མནོལ་ན་ནོར་ལྷ་གཡང་ལྷ་བསང་། །འཁོན་གྲིབ་མི་གཙང་མནོལ་ན་བཀའ་སྲུང་དམ་ཅན་བསང་། །ཏིང་འཛིན་འཁྲུགས་པས་མནོལ་ན་སྲིད་པའི་མ་མོ་བསང་། །བརྩེ་གདུང་འཁྲུགས་པས་མནོལ་ན་སྙིང་རྗེའི་མགྲོན་རྣམས་བསང་། །ཞེ་སྣང་འཁྲུགས་པས་མནོལ་ན་ཞི་བའི་ལྷ་རྣམས་བསང་། །ང་རྒྱལ་འཁྲུགས་པས་མནོལ་ན་རྒྱས་པའི་ལྷ་རྣམས་བསང་། །འདོད་ཆགས་འཁྲུགས་པས་མནོལ་ན་དབང་གི་ལྷ་རྣམས་བསང་། །ཕྲག་དོག་འཁྲུགས་པས་མནོལ་ན་དྲག་པོའི་ལྷ་རྣམས་བསང་། །གཏི་མུག་འཁྲུགས་པས་མནོལ་ན་ལོངས་སྤྱོད་ལྷ་རྣམས་བསང་། །གནོད་གྲིབ་འཁྲུགས་པས་མནོལ་ན་ཡུལ་ལྷ་གཉན་པོ་བསང་། །ཐབ་གཞོབ་འཁྲུགས་པས་མནོལ་ན་བྱེས་ལྷ་གཉན་པོ་བསང་། །མི་གཙང་ཐབ་ཀྱིས་མནོལ་ན་ཁྱིམ་ལྷ་གཉན་པོ་བསང་། །ཉམས་ཆག་སྒྲིབ་པས་མནོལ་ན་སྲུང་བྱེད་ལྷ་རྣམས་བསང་། །མི་གཙང་དྲི་ཡིས་མནོལ་ན་མགོན་སྐྱབས་ལྷ་རྣམས་བསང་། །རབས་ཆད་དུར་སྲིས་མནོལ་ན་སྲིད་ཀྱི་ལྷ་རྣམས་བསང་། །མནའ་ཟན་དྲི་བོས་མནོལ་ན་ཕོ་ལྷ་དགྲ་ལྷ་བསང་། །སྡིག་ཅན་བཤན་པས་མནོལ་ན་ལྷག་པའི་ལྷ་རྣམས་བསང་། །དམེ་ཡུགས་མི་གཙང་མནོལ་ན་བསང་བྱེད་ལྷ་རྣམས་བསང་། །གཤིན་པོའི་རོ་གྲིབ་མནོལ་ན་ཕྲག་ལྷ་གཉན་པོ་བསང་། །གསོན་པོའི་ནང་དམེས་མནོལ་ན་འགོ་བའི་ལྷ་རྣམས་བསང་། །ཐབ་ཀྱིས་མནོལ་ན་ཁང་ལྷ་རྦ་ལྷ་བསང་། །གཞོབ་ཀྱིས་མནོལ་ན་ཕ་ལྷ་མ་ལྷ་བསང་། །ཡུགས་ས་མནོལ་ན་མ་ལྷ་བུ་རྫི་བསང་། །ལུས་འདི་མནོལ་ན་ལྷན་ཅིག་སྐྱེས་ལྷ་བསང་། །ངག་མནོལ་གསུང་སྙན་གྲགས་སྟོང་ལྷ་རྣམས་བསང་། །ཡིད་མནོལ་དྲན་བྱེད་གསལ་བྱེད་ལྷ་རྣམས་བསང་། །ཡན་ལག་མནོལ་ན་བྱེས་ལྷ་མགྲོན་ལྷ་བསང་། །ཀྱེཿ རྨུགས་པ་དྭངས་པར་བྱེད་པའི་ལྷ་རྣམས་བསང་། །འཐིབ་པ་བསང་བར་བྱེད་པའི་ལྷ་རྣམས་བསང་། །གཙང་རྩོག་དབྱེ་བར་བྱེད་པའི་ལྷ་རྣམས་བསང་། །མནོལ་བ་བསང་བར་བྱེད་པའི་ལྷ་རྣམས་བསང་། །ཁྱད་པར་མི་གཙང་བུད་མེད་པང་སྨེ་བས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་སོགས། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་དང་། །ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་དང་། །ནོར་ལྷ་གཡང་ལྷ་གོས་ནོར་ལོངས་སྤྱོད་དཔལ། །མནོལ་གྲིབ་མི་གཙང་དྲི་མས་གོས་པ་ཡི། །རྩི་ཤིང་སྨན་མཆོག་དྲི་གསུར་སྣ་ཚོགས་དང་། །ཕྱི་ནང་གསང་གསུམ་འདོད་ཡོན་དཔག་མེད་ཀྱིས། །མི་གཙང་མནོལ་སྒྲུབ་དྲི་མ་བསང་གྱུར་ཅིག ། དེ་ནས་བྱེ་བྲག་ཏུ་བསང་བ་ནི། འདི་སྐད་དོ། ཀྱཻཿཤིང་རྩི་དྲི་བཟང་སྨན་གྱི་དུད་པ་འདིས། །བླ་མ་ཡི་དམ་མནོལ་བ་བསང་གྱུར་ཅིག །ཡེ་ཤེས་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྨན་སྣ་ཙནྡན་དྲི་ཡིས་བསང་གྱུར་ཅིག །འཇིག་རྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་ཤིང་སྣའི་དྲི་ཡིས་བསང་གྱུར་ཅིག །མ་སྲིང་མཁའ་འགྲོ་རྩོག་གིས་མནོལ་གྱུར་ན། །བྷ་ལ་བྷ་དྲའི་དྲི་ཡིས་བསང་གྱུར་ཅིག །ཆོས་སྐྱོང་སྲུང་མ་རྩོག་གིས་མནོལ་གྱུར་ན། །ཤ་ཁྲག་སྣ་ཚོགས་དྲི་ཡིས་བསང་གྱུར་ཅིག །གཙང་རིས་མགོན་པོ་རྩོག་གིས་མནོལ་གྱུར་ན། །དཀར་གསུམ་མངར་གསུམ་དྲི་ཡིས་བསང་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་རྩོག་གིས་མནོལ་གྱུར་ན། །ཤིང་རྩི་སྨན་མཆོག་དྲི་ཡིས་བསང་གྱུར་ཅིག །བཀའ་སྲུང་དམ་ཅན་རྩོག་གིས་མནོལ་གྱུར་ན། །བྱེ་མར་འོ་སྐོལ་དྲི་ཡིས་བསང་གྱུར་ཅིག །ལྷ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་གཡུ་ཤུག་དྲི་ཡིས་བསང་གྱུར་ཅིག །ཀླུ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །ཀླུ་སྨན་སྣ་ཚོགས་དྲི་ཡིས་བསང་གྱུར་ཅིག །གཉན་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྟག་གཟིག་དྲི་ཡིས་བསང་གྱུར་ཅིག །ས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །ཉ་རུབ་གསེར་མགོ་དྲི་ཡིས་བསང་གྱུར་ཅིག །གནས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །སྟག་པ་སུར་དཀར་དྲི་ཡིས་བསང་གྱུར་ཅིག །གཞི་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །མཁན་པ་ཉ་རུབ་དྲི་ཡིས་བསང་གྱུར་ཅིག །ཡུལ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །སྦ་སྙུག་དཀར་གསུམ་དྲི་ཡིས་བསང་གྱུར་ཅིག །ནོར་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་ཟས་ཕུད་དྲི་ཡིས་བསང་གྱུར་ཅིག །གཡང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །རིན་ཆེན་སྣ་ཚོགས་དྲི་ཡིས་བསང་གྱུར་ཅིག །ཁང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཟབ་སྣ་ཚོགས་དྲི་ཡིས་བསང་གྱུར་ཅིག །ཐབ་ལྷ་མི་གཅིག་རྩོག་གིས་མནོལ་གྱུར་ན། །ཤ་ཕུད་ཆང་ཕུད་དྲི་ཡིས་བསང་གྱུར་ཅིག །ཞིང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །འབྲུ་རྣམས་སྣ་ཚོགས་དྲི་ཡིས་བསང་གྱུར་ཅིག །ཕོ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྟག་གཟིག་དྲི་ཡིས་བསང་གྱུར་ཅིག །དགྲ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་གསེར་སྐྱེམས་དྲི་ཡིས་བསང་གྱུར་ཅིག །བྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །འབྲས་དཀར་རྩི་བཅུད་དྲི་ཡིས་བསང་གྱུར་ཅིག །མགྲོན་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཤ་ཆང་གསེར་སྐྱེམས་དྲི་ཡིས་བསང་གྱུར་ཅིག །སྐྱེ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ལྷ་ཤིང་སུར་དཀར་དྲི་ཡིས་བསང་གྱུར་ཅིག །ལུས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །གུ་གུལ་དཀར་ནག་དྲི་ཡིས་བསང་གྱུར་ཅིག །སྲུང་སྐྱོབ་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །ཤིང་འབྲས་མེ་ཏོག་དྲི་ཡིས་བསང་གྱུར་ཅིག །རིག་བྱེད་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །གཡུ་ཤུག་བ་ལུའི་དྲི་ཡིས་བསང་གྱུར་ཅིག །རྒྱབ་རྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་སྣ་ཤིང་སྣའི་དྲི་ཡིས་བསང་གྱུར་ཅིག །ལུས་ཀྱི་གོ་མཚོན་རྩོག་གིས་མནོལ་གྱུར་ན། །ལྷ་ཆབ་སྨན་སྣའི་དྲི་ཡིས་བསང་གྱུར་ཅིག །ཟས་ནོར་ལོངས་སྤྱོད་རྩོག་གིས་མནོལ་གྱུར་ན། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མནོལ་གྲིབ་མི་གཙང་ཐམས་ཅད་དག་བསངས་ནས། །ཤེལ་བཞིན་གསལ་ལ་དུང་ལྟར་དཀར་གྱུར་ཅིག །ཤེལ་སྒོང་བཞིན་དུ་ཕྱི་ནང་གསལ་གྱུར་ཅིག ། དེ་ནས་བསང་དུད་སྐུ་གསུང་ཐུགས་ཀྱི་རྟེན་ལྷ་དང་སྲུང་མ་རྣམས་ལ་འདི་སྐད་དོ། ཧཱུཾ་བླ་མ་ཡི་དམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །དཔའ་བོ་མཁའ་འགྲོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཆོས་སྐྱོང་སྲུང་མ་མནོལ་བ་ཡོད་ན་ཡང་། ། ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕོ་ཉ་ལས་མཁན་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཙང་རིས་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །འཇིག་རྟེན་སྐྱོང་བ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྟེང་གི་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བར་གྱི་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་། ག ། ས་གཞིའི་ཀླུ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཞི་བདག་གནས་བདག་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མཆེད་དང་ལྕམ་དྲལ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །འཇིག་རྟེན་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བརྒྱུད་ཀྱི་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །འགོ་བའི་ལྷ་ལྔ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མ་ལྷ་བུ་རྫི་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །རྟ་ལྷ་འཕན་པོ་མནོལ་བ་ཡོད་ན་ཡངན། ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ནོར་ལྷ་ཕྱུག་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལུག་ལྷ་རྨིན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ར་ལྷ་ཙི་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཞིང་ལྷ་ཚངས་པ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕུག་ལྷ་གེ་ཐུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྒོ་ལྷ་སྟག་གཡག་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཐབ་ལྷ་ཡོད་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕོ་ལྷ་དགྲ་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ནོར་ལྷ་གཡང་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བྱེས་ལྷ་མགྲོན་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག ། དེ་ནས་སྲུང་མའི་ཕྱི་ནང་གི་རྟེན་རྫས་རྣམས་བདུགས་ནས་འདི་སྐད་དོ། ཀྱེཿ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལྷ་དང་སྲུང་མ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་ཁང་དྲི་མེད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་གོས་བསེ་ཁྲབ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་རྒྱན་ལྷབ་ལྷུབ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་མཚོན་རྣོ་ངར་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་རྫས་རོ་བརྒྱ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་བཏུང་གསེར་སྐྱེམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་རྟ་བཙན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་ལུག་དོན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་གཡག་ཞོལ་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ལྷ་ར་ཁྲོམ་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་དམ་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་སྤྱན་གཟིགས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་མཆོད་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་སྒྲུབ་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་རྟེན་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྲུང་མའི་ཐུགས་དང་འགལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག ། དེ་ནས་སྦྱིན་བདག་གི་མི་ནོར་ཕྱུགས་གསུམ་ལ་བདུགས་ནས་འདི་སྐད་དོ། ཀྱཻཿབདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །སྲིད་ཀྱི་དབང་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མཁས་པའི་བཙུན་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཙན་པོའི་བློ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཞོན་ནུའི་དཔལ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྐྱེན་པོའི་མཐེབ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མང་བོའི་ཚོགས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །རྟ་ཕོའི་མགྱོགས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕྱུགས་ཀྱི་འཕེལ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཟས་ཀྱི་བཅུད་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཙན་པོའི་སྟོབས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕྱུག་པོའི་ནོར་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །འཕན་པོའི་དར་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཙན་ཕྱུག་འཕན་གསུམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གྱོན་པའི་བེར་གོས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཏགས་པའི་རྣོ་མཚོན་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཏུང་བའི་ཟས་སྐོམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཞི་ཡི་གནས་ས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །འདུག་པའི་མལ་ས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མི་ནོར་རིགས་རྒྱུད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བྲན་དང་གཡོག་འཁོར་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕྱུགས་དང་སྒོ་ཁྱི་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཟས་ནོར་ལོངས་སྤྱོད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྟོབས་དང་མངའ་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །བཀྲག་དང་གཟི་མདངས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཚེ་དང་བསོད་ནམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཁ་རྗེ་དབང་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག ། གཞི་བསང་ཡིན་ན་འདི་ཉིད་ཀྱི་མཇུག་ཏུ་འོག་ནས་འབྱུང་བའི་བདག་ཅག་དཔོན་སློབ་ཞེས་པ་ནས་བཟུང་སྟེ་དཀྱུས་ལྟར་བྱ། ནད་སོགས་ཀྱི་དོན་ཡིན་ན་སླར་ཡང་བསང་དུད་གྲིབ་རྐྱེན་བྱུང་བ་རྣམས་ལ་བདུགས་ནས་འདི་སྐད་དོ། ཀྱཻཿཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཉོན་མོངས་དུག་ལྔའི་གདུང་བ་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །འདོད་ཆགས་ལས་གྱུར་རླུང་ནད་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཞེ་སྣང་ལས་གྱུར་མཁྲིས་ནད་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །གཏི་མུག་ལས་གྱུར་བད་ཀན་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །འདུ་བ་རྣམ་བཞིའི་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །སྙིང་རླུང་རྒྱལ་འགོང་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །གློ་གཟེར་ཀླུ་བཙན་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །མཆིན་རྒུད་ས་བདག་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །མཚེར་སྦོས་དྲི་བོའི་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །མཁལ་གྲུམ་ཀླུ་བསེན་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཕོ་གཅོང་ཡེ་འགོང་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །མགོ་དང་ཡན་ལག་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཤ་དང་པགས་པའི་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཁྲག་དང་ཆུ་སེར་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །རུས་དང་སྲིན་བུའི་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །རྩ་དང་ཆུ་རྒྱུས་ནད་རྣམས་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །མདངས་དང་དབང་བོ་ཉམས་པ་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །དབུགས་དང་རྣམ་ཤེས་ཉམས་པ་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །དཔལ་དང་མཐུ་སྟོབས་ཉམས་པ་བསང་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཚེ་དང་བསོད་ནམས་ཉམས་པ་བསང་གྱུར་ཅིག །གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ལ། །དམེ་མནོལ་རྩོག་གིས་མནོལ་དང་གྲིབ་ཀྱི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཐབ་དང་གཞོབ་ཀྱི་མནོལ་དང་ཡུགས་སའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕོ་བྱི་རབས་ཆད་ཟླ་མཚན་ནལ་བུའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །མཛེ་ཅན་གཅོང་བོ་དམ་ཉམས་གྲིབ་ཀྱི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །དྲི་བཟང་དྲི་ངད་ཅན་དང་མུག་དྲིའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཤི་བོའི་དུར་སྲི་གསོན་གྱི་ནང་དམེའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །སྡིག་ཅན་བཤན་པ་མནའ་ཟན་དྲི་བོའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་བསང་གྱུར་ཅིག །གཞན་ཡང་མི་གཙང་མནོལ་གྲིབ་མ་ལུས་ཀུན། །ཤིང་མཆོག་དྲི་བཟང་སྨན་གྱི་དྲི་གསུར་གྱིས། །ནམ་མཁའ་སྤྲིན་བྲལ་བཞིན་དུ་དྭངས་གྱུར་ཅིག །ཉི་ཟླ་གཟའ་སྐར་ཇི་བཞིན་གསལ་གྱུར་ཅིག །མེ་ལོང་ཕྱིས་པ་ལྟ་བུར་གསལ་གྱུར་ཅིག །ཟླ་བ་ཡར་ངོ་ཇི་བཞིན་རྒྱས་གྱུར་ཅིག །མེ་ཏོག་འདབ་སྟོང་ལྟ་བུར་རྒྱས་གྱུར་ཅིག །སྟོན་ལྡན་འབྲས་དུས་བཞིན་དུ་སྨིན་གྱུར་ཅིག །ཆབ་སྲིད་ནམ་མཁའ་ལྟ་བུར་རྒྱས་གྱུར་ཅིག །དགོས་འདོད་ནོར་བུ་ལྟ་བུར་འབྱུང་གྱུར་ཅིག །རྒྱལ་པོ་ནད་མེད་བདེ་དང་ལྡན་གྱུར་ཅིག །རྒྱལ་སྲིད་རི་བོ་བཞིན་དུ་བརྟན་གྱུར་ཅིག །རྒྱལ་རྒྱུད་ཉི་ཟླ་ལྟ་བུར་གསལ་གྱུར་ཅིག །གཡོག་འཁོར་སྐར་ཚོགས་བཞིན་དུ་འཕེལ་གྱུར་ཅིག །ནོར་ཕྱུགས་རྩི་ཤིང་བཞིན་དུ་བསྟར་གྱུར་ཅིག །སྙན་གྲགས་ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག ། ཅེས་གསུངས་ནས་རྒྱལ་བློན་འཁོར་དང་བཅས་པ་རྣམས་ཐེ་ཚོམ་མ་བྱས་པར། འདི་ལྟ་བུ་ཉམས་ལེན་བྱས་ན་དོན་དང་ལྡན་པ་ཡོད་གསུངས་ཏེ། དེ་ནས་རྒྱལ་བློན་འཁོར་དང་བཅས་དགའ་ཞིང་གུས་པས་ཡི་རངས་ཏེ། གསེར་གྱི་མཎྜལ་ཕུལ་ནས་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། ཀྱེ་སློབ་དཔོན་ཆེན་པོ་ལགས། རྒྱུན་དུ་ཉམས་ལེན་ཇི་ལྟར་བགྱི་དོན་ཇི་བཞིན་དང་ལྡན་པ་ལགས། ཞེས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། ཀྱེ་རྒྱལ་པོ་ཆེན་པོ་ལགས། ཁྲི་སྲོང་ལྡེ་བཙན། སྤྱིར་དལ་འབྱོར་རྟེན་ཐོབ་པ་ལ་དོན་ལྡན་དུ་བྱེད་དགོས་པས། དེའི་ཐབས་སུ་བྱང་ཆུབ་ཀྱི་རྒྱུ་གྲུབ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མར་གསོལ་བ་བཏབ་ནས། བྱང་ཆུབ་གྲུབ་པའི་འགལ་རྐྱེན་བར་ཆད་སེལ་ཞིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐུན་རྐྱེན་བསྒྲུབ་པ་ཡིན་པས། དེའི་ཆེད་དུ་ལྷ་དང་སྲུང་མ་བསྟེན་དགོས་པ་ཡིན་ལ་བསང་བྱ་བ་ནི། སླར་ཡང་འདི་བཞིན་ཉོན་མོངས་དུག་ལྔའི་གྲིབ་མནོལ་སྦྱང་ཞིང་། ལྷ་དང་སྲུང་མ་མི་འབྲལ་བར་འཁོར་བའི་ཐབས་ཡིན་པས། རྒྱུན་དུ་བསང་བྱ་བ་ནི་དོན་དེ་དང་ལྡན་པའོ། མནོལ་བསང་བྱ་བ་ནི་དོན་དེ་དང་མཚུངས་པ་ལ། ལྷག་པར་མནོལ་གྲིབ་མི་གཙང་བ་མྱུར་དུ་སེལ་བ་ལ་མཁོ་བས། སྔ་དྲོ་ལྷ་བསང་དང་ཕྱི་དྲོ་མནོལ་ཁྲུས་བྱས་ནས་ཉོན་མོངས་པའི་གྲིབ་པ་སྦྱོང་བའོ། །ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་བྱིན་ཆགས། ལུས་ཀྱི་འབྱུང་བ་ཆ་སྙོམས། གྲགས་དང་གཟི་མདངས་བསྐྱེད། ཁམས་དང་དབང་བོ་གསལ། ཀུན་གྱི་ཡིད་དུ་འོང་། སྣང་སྲིད་ཀྱི་ལྷ་འདྲེ་དང་འགལ་རྐྱེན་བར་ཆད་ཀྱི་དྲི་མས་མི་གོས་པ་སོགས་ཡོན་ཏན་མང་པོ་ལྡན་པ་ཡིན་གསུངས་སོ། །རྒྱལ་པོའི་ཞལ་ནས། ལེགས་སོ་ལེགས་སོ། །སློབ་དཔོན་ཆེན་པོ་ལགས། མནོལ་ཁྲུས་བྱ་བ་ནི་ཇི་ལྟར་ཡིན་ལགས། སློབ་དཔོན་གྱི་ཞལ་ནས། མནོལ་ཁྲུས་བྱ་བ་ནི། སྤྱིར་མདོ་སྔགས་སོ་སོ་འདི་ལུགས་དང་འདྲ་བས་རྫས་སྦྱོར་བ་སོགས་བྱེད་ཚུལ་མང་དུ་ཡོད་པས་འདིའི་སྐབས་སུ་གོང་གི་སྨན་རྫས་དང་རིན་པོ་ཆེའི་དྲི་བཟང་སྣ་ཚོགས་ཆུ་གཙང་དང་སྦྱར་ནས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཡུལ་ཕྱོགས་ཆབ་གཏོར་བྲན་ན་ཡུལ་ཁྲུས་དང་། སླར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་ཁྲུས་གསོལ་བ་ནི་རྟེན་ཁྲུས་དང་། དེ་ནས་མི་ནད་ཕྱུགས་ནད་ནོར་རྫས་སོགས་ལ་རྡོ་རྗེ་རྣམ་པར་འཇོམས་པའམ་ཁྲོ་བོ་སྨེ་བརྩེགས་པ་བདུད་རྩི་འཁྱིལ་བ་སོགས་གང་རུང་གཅིག་གི་ང་རྒྱལ་དང་ལྡན་པའི་བསྒོམས་བཟླས་བྱས་པས་གྲིབ་ཁྲུས་དང་། ནོར་རྫས་རྟ་སོགས་ལ་གྲིབ་ཕོག་ན་ཆབ་གཏོར་བྲན་ན་ཆོག་པ་ཡིན་གསུངས་སོ། །དེ་ནས་རྒྱལ་བློན་འཁོར་བཅས་དགའ་ཞིང་གུས་པས་ཐལ་མོ་སྦྱར་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་སླར་ཡུལ་དུ་གཤེགས་སོ། ། ཕྱིན་ཆད་རིང་བོ་མ་པོན་པར་རྒྱལ་པོ་སྙུང་ནད་ལས་གྲོལ་ནས་ཡུལ་ཁམས་སུ་བཀྲ་ཤིས་དགེ་ལྟས་མང་པོ་བྱུང་བར་གྱུར་རོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞེས་བྱ་བ་རྫོགས་སོ། ། ། །