མན་ཇུའི་དམག་འཁྲུག།

ཡོང་ཁུངས་Wikipedia
Jump to navigation Jump to search

སྒྲའོ་ཨར་ཕུང་དཔུང་དམག་རྒྱ་བོད་ས་མཚམས་སུ་འབྱོར་སྐབས་ལམ་བར་དུ་ལི་ཐང་དང་འབའ་སོགས་ཀྱི་སྡེ་དཔོན་བསད་བཟུང་དང་རྒྱུ་དངོས་བཅོམ་འཕྲོག་བྱས་པ་མ་ཟད། མེ་རྟ་ ༡༩༠༦ ཟླ་ ༡༡ རྒྱ་དཔོན་དྲིན་ཀོན་ཐལ་དཔུང་དམག་བཏང་སྟེ་ཚ་ཁ་ལྷོར་ལ་དགོན་དུ་དགེ་འདུན་པ་དུ་མ་བསད་བཟུང་དང་གཏོར་བཅོམ་བྱས་ཤིང་། ས་སྤྲེ་ ༡༩༠༨ ལོར་སྡེ་དགེ་ས་སྤྱོད་པའི་སྲས་རྒན་གཞོན་མ་འཆམ་པར་སྒྲའོ་ཨར་ཕུང་གིས་སྲས་རྒན་པའི་རྒྱབ་རྩ་བྱེད་ཁུལ་གྱིས་སྡེ་དགེའི་སྲིད་དབང་བཙན་འཕྲོག་དང་ཆབ་མདོར་ལས་ཁུངས་བཙུགས་ཐོག ཀོང་པོ་རྒྱ་མདའ་ཚུན་ཟི་ཁྲོན་ཁོངས་སི་ཁང་ཞིང་ཆེན་བཟོས་ལུགས་དྲིལ་བསྒྲགས་བྱས་པ་སོགས་ཁྲིམས་མེད་ལུགས་མེད་བྱ་ངན་སྤེལ་ཡོད། ལུའུ་ཅུན་རྒྱ་དམག་བོད་ལ་ཡོང་དོན་ནི་ཨམ་བན་ཀྲང་ཡིན་ཐང་དང་ཚ་རོང་པ་དབང་ཕྱུག་རྒྱལ་པོ་བཅས་ནས་ཀ་ལི་ཀ་ཏར་བརྒྱབ་པའི་ཆིངས་ཡིག་གི་དོན་གསལ་བཞིན་ཚོང་རྭ་ཁག་ལ་ཁྲིམས་སྲུང་རྒྱ་དམག་དྲུག་སྟོང་འཛུགས་རྒྱུ་ཡིན་ཚུལ་ལ་བསྙད་དེ་ལུའུ་ཅུན་རྒྱ་དམག་བཏང་ཚུལ་བརྗོད་རུང་དོན་དུ་བོད་ལ་དབང་སྒྱུར་བྱ་སེམས་ཀྱི་ཡིན་པ་ནི་ཉི་ཤར་སྦར་མོས་ཁེབས་མི་ཐུབ་པ་ལྟར་རེད། ༸གོང་ས་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་དོན་ནི་ལུའུ་ཅུན་རྒྱ་དམག་བོད་ནང་གཏོང་ཐལ་མེད་པའི་ཐབས་ཤེས་ཇི་ལྟར་མཛད་ཀྱང་འབྲེལ་ཡོད་མི་སྣས་ཉན་འཇོག་ཙམ་ཡང་མ་བྱས་པ་མ་ཟད། རྒྱ་དམག་དེ་དག་གིས་ལྷ་སར་མི་བསད་གཏོར་བཅོམ་དང་ཕོ་བྲང་པོ་ཏ་ལར་ཡང་མེ་མདའ་དགུ་ཤོག་བརྒྱབ་པ་སོགས་ལས་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད།།

༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་དུ་ཕེབས་དུས་ཁོང་དང་མཉམ་དུ་སྐུ་བཅར་སྤྱི་མཁན་དངོས་གཞི་པ་དང་བཀའ་བློན་གསར་བྱུང་པ། བཤད་ཞོལ་ཆང་གསུམ། བཀའ་ཚབ་བསམ་གྲུབ་ཕོ་བྲང་། བཀའ་ཚབ་བླ་མ་གུང་ཐང་བསྟན་འཛིན་དབང་པོ་བཅས་ཕེབས་པ་དང་། རྒྱལ་ཚབ་ཏུ་ཚེ་སྨོན་གླིང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དང་ཕྱག་རོགས་སུ་སྣེའུ་ཤག་མཁྱེན་རབ་ཕུན་ཚོགས་བསྐོ་གཞག་གནང་། མཐར་སྒྲའོ་ཨར་ཕུང་དང་ལུའུ་ཅུང་ལ་ཉམས་ཉེས་བྱུང་ཚུལ་ནི་རྒྱ་དང་མན་ཇུའིི་དཔོན་དམག་ནང་ཁུལ་འཆམ་མཐུན་མེད་པ་དང་བོད་ནང་ལྟོ་ཕོགས་འདང་ངེས་མེད་རྐྱེན་ལས་ལྕགས་ཕག ༡༩༡༡ ལོར་རྒྱ་དཔོན་ནང་ཁུལ་གསོད་རེས་ཐུག་པ་དང་། སྤྱི་ལོ་ ༡༩༡༢ ལོར་མན་ཇུ་གོང་མ་ཁྲི་ལས་ཕབ་ཅིང་རྒྱ་ནག་ནང་ངོ་ལོག་ཟིང་འཁྲུག་བྱུང་བ་དང་བོད་དམག་གིས་འཐབ་འཛིང་དྲག་པོ་བྱས་པ་སོགས་ལ་བརྟེན་ནས་རིམ་བཞིན་ཉམས་ཉེས་བྱུང་ཡོད།

ལུའུ་ཅུན་རྒྱ་དམག་དང་བོད་གཞུང་དབར་ཆུ་བྱ་ ༡༩༡༢ །༨།༡༢ ཉིན་ཆིངས་ཡིག་བཞག་ཡོད་པ་དང་ཆིངས་ཡིག་དེར་དོན་ཚན་གསུམ་ཡོད། དེ་དག་གི་ནང་དོན་མདོར་བསྡུས་ནི་དོན་ཚན་དང་པོར་གོ་ལག་རྩིས་སྤྲོད་དང་དེ་དག་འཇོག་སྟངས་སྐོར་དང་། དོན་ཚན་གཉིས་པའི་ནང་རྒྱ་དམག་ཕྱིར་ལོག་བྱ་སྟངས་སྐོར་དང་། དོན་ཚན་གསུམ་པའི་ནང་གོ་ལག་རྣམས་བར་བཞུགས་བལ་པོའི་སྐུ་ཚབ་ནས་བདག་སྲུང་བྱ་རྒྱུ་བཅས་འཁོད་ཡོད། སྐབས་དེའི་ཆིངས་ཡིག་འཇོག་མའི་ཕྱོགས་སོ་སོའི་སྐུ་ཚབ་ནི་ཏཱ་ལའི་བླ་མ་རིན་པོ་ཆེའི་སྐུ་ཚབ་ཚ་བ་ཁྲི་སྤྲུལ། རྩེ་མགྲོན་བསྟན་རྒྱལ། ཨམ་བན་ལིན་ཡུ་དང་ཅུན་ཡུན་གཉིས་ཀྱི་སྐུ་ཚབ་ཏུ་ལོའོ་ཆང་ཀྲང་དང་ལོ་ཡུན་ཇི།ལའུ་སླིས་ཨུ་ཡོན། ཀྲི་ཕུ་ཧ་ཡི་བཅས་དང་། བར་དཔང་དུ་གོར་གཞུང་སྐུ་ཚབ་མེ་འཇར། ཀེབ་ཀྲན། ཇིཌ་བཱ་ཐུར་སོགས་བཞུགས་ཡོད་པ་བཅས་སོ།། །།